སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེ་ཟླ་བ11པར་འཚོག་རྒྱུའི་གཏན་འབེབས་བྱས།
སྐལ་ཐུབ་ཀྱིས་བསྒྱུར། 2013-09-05
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ།ཟླ་8ཚེས27ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་ཟླ་བ11པར་པེ་ཅིན་དུ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོག་རྒྱུའི་གཏན་འབེབས་བྱས་ཡོད།གྲོས་རིམ་གཙོ་བོ་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྙན་སེང་ཞུས་ཏེ་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་གལ་ཆེའི་གནད་དོན་ལ་ཞིབ་འཇུག་བྱ་རྒྱུ་རེད།ཚོགས་འདུའི་ཐོག《རུལ་སུངས་བཅོས་སྒྲིག་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བའི2013ལོ་ནས2017ལོ་བར་གྱི་ལས་ཀའི་འཆར་འགོད》དང་《ས་གནས་སྲིད་གཞུང་གི་འགན་ནུས་བསྒྱུར་རྒྱུ་དང་སྒྲིག་གཞི་སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་ཀྲུང་གོ(ཧྲང་ཧའེ)རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་གྲ་སྒྲིག་ལས་དོན་གྱི་སྙན་ཞུར་ཉན་པ་དང་།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་དང་འབྲེལ་བ་ཡོད།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་པའི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པ་དང་།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྐུལ་སྤེལ་མགྱོ གས་སུ་གཏོང་བའི་བརྗིད་ཆེའི་འཆར་གཞི་འགྲུབ་པ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ་རྒྱུན་ཆད་མེད་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ།རང་རྒྱལ་གྱི་འཕེལ་རྒྱས་ཐད་འཕྲད་པའི་མངོན་གསལ་དོད་པའི་འགལ་ཟླ་དང་འགྲན་སློང་མང་པོ་ཐག་གཅོད་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་བྱེད་པ་བཅས་ཀྱི་ཐད་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།བཅོས་སྒྱུར་སྒོ་ཕྱེ་ནི་དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི་འགག་རྩའི་ཐབས་ཤེས་ཤིག་ཡིན་ལ།ལོ་བརྒྱ་གཉིས་ཞེས་པའི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩའི་ཐབས་ལམ་ཞིག་ཀྱང་ཡིན།འཕེལ་རྒྱས་གཏོང་རྒྱུ་ནི་མུ་མཐའ་མེད་པ་ཞིག་དང་བསམ་བློར་བཅིངས་འགྲོལ་གཏོང་རྒྱུ་ནི་མུ་མཐའ་མེད་པ་ཞིག་ཡིན་ལ།བཅོས་སྒྱུར་སྒོ་ཕྱེ་བྱ་རྒྱུ་ཡང་མུ་མཐའ་མེད་པ་ཞིག་ཡིན།མཚམས་འཇོག་དང་ཕྱིར་བཤོལ་བྱས་ན་འགྲོ་ལམ་མེད།བཅོས་སྒྱུར་སྒོ་ཕྱེ་བྱ་རྒྱུར་སྒྲུབ་བཞིན་པའི་དུས་མ་གཏོགས་ཚར་བའི་དུས་ཤིག་མེད་པ་ཞིག་རེད་ཅེས་ངོས་འཛིན་བྱས་པ་རེད།