ཟི་ལིང་ནས་ཧྲུག་ཨར་བར་གྱི་མཁའ་ལམ་ཟླ་འདིའི་ཚེས15ཉིན་ཤར་གཏོང་བྱེད་རྒྱུ་རེད།
ཀྲུང་གོ་བོད་ཀྱི་དྲ་བ། 2014-12-03
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས15ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དང་ཁོ་རེ་ཡ་རྒྱལ་ཁབ་ཧྲུག་ཨར་གྲོང་ཁྱེར་བར་མཁའ་ལམ་ཤར་གཏོང་བྱེད་རྒྱུ་ཡིན་པ་དང་། མཁའ་ལམ་ཤར་གཏོང་བྱེད་པ་དང་བསྟུན་མཚོ་སྔོན་དང་ཁོ་རེ་ཡ་རྒྱལ་ཁབ་བར་གྱི་ལམ་ཐག་ཇེ་ཉེ་དུ་བཏང་ཡོད་པས། ས་ཕྱོགས་གཉིས་ཀྱི་གནས་སྐོར་བ་གནམ་གྲུ་བསྡད་ནས་དུས་ཚོད་བཞི་ཡས་མས་སུ་ཕན་ཚུན་གྱི་ས་ཁུལ་དུ་ཐོན་ངེས་ལ། མཐོ་སྒང་གི་བརྗིད་ཉམས་དང་གྲོང་ཁྱེར་གྱི་མཛེས་སྡུག་སོགས་རྣམ་པ་མི་འདྲ་བའི་ཡུལ་ལྗོངས་ཉམས་སུ་མྱོང་ཐུབ་པ་རེད།
ཉེ་བའི་ལོ་འགའི་རིང་། རབ་མཛེས་མཚོ་སྔོན་གྱི་མིང་རྟགས་ཁྱབ་རྒྱ་ཇེ་ཆེར་སོང་བ་དང་བསྟུན། མཚོ་སྔོན་དུ་གནས་སྐོར་ལྗོངས་རྒྱུ་བྱེད་པའི་ཕྱི་རྒྱལ་གྱི་གནས་སྐོར་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད། དེའི་ནང་ཁོ་རེ་ཡ་རྒྱལ་ཁབ་གྱི་གནས་སྐོར་བའི་མི་གྲངས་རྒྱུན་ཆད་མེད་པར་ཡར་འཕར་བཞིན་ཡོད་ལ། ཞིང་ཆེན་གནས་སྐོར་ཅུའུ་ཡིས་བསྡོམས་རྩིས་བྱས་པའི་གྲངས་ཀ་ལྟར་ན། 2013ལོར་ཁོ་རེ་ཡ་རྒྱལ་ཁབ་ཀྱི་གནས་སྐོར་བ་མཚོ་སྔོན་དུ་གནས་སྐོར་བྱེད་པའི་མི་གྲངས་རྒྱལ་ཁབ་གཞན་དག་ལས་ཨང་གཉིས་པའི་གྲས་སུ་ཚུད་ཡོད་པ་དང་། དུས་མཉམ་ལས199.6%འཕར་ཡོད། གནས་སྐོར་ལས་རིགས་མི་སྣས་ས་ཕྱོགས་གཉིས་བར་མཁའ་ལམ་ཤར་གཏོང་བྱུང་བར་མཚོ་སྔོན་དུ་གནས་སྐོར་ལྗོངས་རྒྱུ་བྱེད་པའི་ཕྱི་རྒྱལ་གྱི་གནས་སྐོར་བ་ཇེ་མང་དུ་འགྲོ་བར་སྐུལ་འདེད་བྱེད་ཐུབ་པ་མ་ཟད། མཚོ་སྔོན་དང་ཁོ་རེ་ཡ་རྒྱལ་ཁབ་གཉིས་བར་རིག་གནས་བརྗེ་རེས་དང་ཉོ་ཚོང་འགྲོ་འོང་བྱེད་པར་མཐུན་རྐྱེན་སྐྲུན་ཡོད་ཟེར། །