སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཧྲེན་དབྱང་དུ་གཟབ་རྒྱས་ངང་འཚོགས་འགོ་ཚུགས།
སྒྲོལ་མ་ཚེ་མཚོས་བསྒྱུར། 2013-09-03
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གཉིས་པའི་ལུས་རྩལ་འགྲན་ཚོགས་དེ་ཟླ་བ8པའི་ཚེས31ཉིན་གྱི་སྔ་དྲོར་ལེའུ་ཉིང་ཞིང་ཆེན་གྱི་ཧྲེན་དབྱང་དུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་ཚོགས་འགོ་ཚུགས་པ་རེད།
དེ་མ་ཐག་འགྲན་ར་ཡོངས་དགའ་སྤྲོའི་རྣམ་པས་ཁེངས་པ་དང་།ལྟད་མོ་བ་ཚོས་ལག་ནང་གི་ཚོན་ལྡན་གཞས་ཚིག་དེབ་བརྒྱུད་སྤྲོད་བྱས་པ་དང་མི་རྦ་རླབས་འཕྱུར་བ་ནང་བཞིན་སྐད་ཅིག་ཉིད་དུ་མཛེས་ཤིང་ལྟ་ན་སྡུག་པའི་འཇའ་ཚོན་ལྟ་བུར་གྱུར།
སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་གླུའི་འགྱུར་ཁུག་དང་བསྟུན་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དལ་བུར་སྒྲེང་འགོ་ཚུགས།
ལུས་རྩལ་པ་སུན་ཡུས་ཅེ་དང་།ཤན་འབྱེད་པ་ཧོང་ལི་ཕིང་གིས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པ་དང་ཤན་འབྱེད་པའི་ཚབ་ཞུས་ནས་དམ་བཅའ་བཞག་པ་རེད།
ཆུ་ཚོད17དང་སྐར་མ31ཐོག་མི་སེམས་འགུལ་བའི་དཔལ་འབར་གཙོ་བོར་མེ་སྤོར་བའི་མཛད་སྒོ་དངོས་སུ་འཚོག་འགོ་ཚུགས།འབྱུང་འགྱུར་དང་རེ་བ་མཚོན་པའི་ལོ་ཆུང་བྱིས་པ་12ཀྱིས་ཏ་ལེན་ལའོ་ཐེ་ཧྲན་ནས་བླངས་པའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མེ་མཆོག་ལ་བརྟེན་ནས་མིང་ལ“མཉམ་འདུས”ཞེས་པའི་དཔལ་འབར་སྟེགས་བུར་མེ་སྒྲོན་ཡོད།
རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ཧོ་སི་མན་དང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་གཟིགས་སྐོར་དུ་གདན་དྲངས་བའི་ཕྱི་རྒྱལ་གྱི་སྐུ་མགྲོན་ཡང་འགོ་འཛུགས་མཛད་སྒོར་ཕེབས་ཡོད་པ་རེད།
སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་རེན་ལེའོ་ཉིང་ཞིང་ཆེན་གྱི་ཧྲེང་ཀྲང་ཁྲེན་ཀྲེང་ཀའོ་ཡིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་ར་གཙོ་བོ་ཧྲེན་དབྱང་གྲོང་ཁྱེར་དུ་བཙུགས་ཡོད་པ་དང་ལེའོ་ཉིང་ཞིང་ཆེན་གྱི་ས་ཁུལ་དང་གྲོང་ཁྱེར13དུའང་ཡན་ལག་འགྲན་ར་བཙུགས་ཡོད་པ་དང་།ལུས་རྩལ་པ་9000ལྷག་ཙམ་རྣམ་གྲངས་ཆེ་བ31དང་རྣམ་གྲངས་ཆུང་བ350ཡི་འགྲན་བསྡུར་ནང་ཞུགས་རྒྱུ་རེད།རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་འདི་ཟླ་9ཚེས12ཉིན་མཇུག་སྒྲིལ་རྒྱུ་ཡིན་པ་རེད།