ཞི་ཅིན་ཕེན་གྱིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ལུའུ་ཁི་ཝུན་ལ་ཁ་པར་བཏང་བ།

ཀླུ་འབུམ་བྱམས།    ཞིན་ཧྭ་གསར་འགྱུར་དྲ་བ།    2013-07-10

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་བདུན་པའི་ཚེས་བརྒྱད་ཉིན་དུས་བཅད་ལྟར་ཨོ་སི་ཁྲུ་ལི་ཡིའི་ཙུང་ལི་ལུའུ་ཁི་ཝུན་ལ་ཁ་པར་བཏང་།ཞི་ཅིན་ཕེན་གྱིས་ལུའུ་ཁི་ཝུན་ཡང་བསྐྱར་ཨོ་སི་ཁྲུ་ལི་ཡིའི་ཙུང་ལི་ལ་བསྐོས་པར་རྟེན་འབྲེལ་ཞུས། ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་གཉིས་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་གཙོ་བོ་ཡིན་པས། གལ་ཏེ་ཕྱོགས་གཉིས་ཀས་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་བསམ་པ་རྒྱུན་འཁྱོངས་དང་། ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་རྒྱུན་འཁྱོངས། ཕ་རོལ་ཕྱོགས་ངེས་པ་དོན་གྱིས་འཐབ་ཇུས་མཉམ་ལས་གྲོགས་པོར་བརྩིས་ཏེ། བརྗེ་རེས་དང་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ཚེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དེ་མུ་མཐུད་དུ་ཡང་དག་པའི་བགྲོད་ལམ་བརྒྱུད་དེ་གོང་ནས་གོང་དུ་འཕེལ་བར་ཅིས་ཀྱང་ཡར་སྐུལ་གཏོང་ཐུབ་པ་དང་། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་ཐུབ་ཅེས་བསྟན།
ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་དཔལ་འབྱོར་ལ་ཕན་ཚུན་ཁ་གསབ་དང་མཉམ་ལས་ཀྱི་མཐུན་རྐྱེན་འཛོམས་པས། ཕྱོགས་གཉིས་ཀས་ངེས་པར་དུ་ཐོན་ཁུངས་དང་ནུས་ཁུངས། ཞིང་ཕྱུགས་ལས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་བརྟན་དུ་གཏོང་བའི་རྨང་གཞིའི་སྟེང་། ཆེ་ཕྱོགས་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་ཁེ་ལས་ཀྱིས་ཕན་ཚུན་ལ་མ་དངུལ་གཏོང་བར་ཁོར་ཡུག་སྔར་ལས་བཟང་བོ་བསྐྲུན་རྒྱུ་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། ནུས་ཁུངས་གྲོན་ཆུང་། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དགོས། ཕྱོགས་གཉིས་ཀས་དངོས་གཉེར་དང་དོ་མཉམ། གཉིས་ཕན་བཅས་ཀྱི་དགོངས་དོན་ལ་གཞིགས་ཏེ། གང་ལ་གང་འཚམ་དང་། གསར་སྐྲུན་རང་བཞིན་ལ་བརྟེན་ནས་སོ་སོས་དོ་སྣང་བྱེད་པའི་གནད་དོན་ཐག་གཅོད་རྒྱུ་དང་། སྔ་མོ་ནས་ཆུ་ཚད་མཐོ་བའི་རང་མོས་ཉོ་ཚོང་གྲོས་མཐུན་ཞིག་འགོད་དགོས་ཞེས་ནན་གྱིས་བསྟན།
ལུའུ་ཁི་ཝུན་གྱིས་ཕྱོགས་གཉིས་ཀས་ཕན་ཚུན་ལ་རྒྱུས་ལོན་དང་བཟོད་སྒོམ་བྱེད་པའི་དགོངས་དོན་ལ་དམིགས་པ་དང་། ལྡབ་འགྱུར་གྱིས་བརྩོན་པ་བསྐྱེད་དེ། སྔ་མོ་ནས་གྲོས་མཐུན་འགོད་རྒྱུ་དང་། ཨོ་སི་ཁྲུ་ལི་ཕྱོགས་ཀྱིས་ཕྱོགས་མང་པོ་ནས་ཀྲུང་གོའི་བར་མཐུན་སྦྱོར་དང་གཞོགས་འདེགས་བྱེད་པར་ཤུགས་སྣོན་འདོད་ཡོད་ཟེར།

  • ལེ་ཚན་སྔོན་མ།:དཔལ་ཡུལ་བཀྲ་ཤིས་ཀྱི་གླུ་གཞས་ཆེད་བསྒྲིགས་ཐོག་མ《ཕྱག་འཚལ་བ》ཞེས་པ་ཟླ7པར་སྤེལ་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཅིའུ་ཅིང་ཧྲན་དུ་གནམ་གྲུ་ལྷུང་བའི་དོན་རྐྱེན་ཁྲོད་ཀྱི་ཀྲུང་གོའི་སྤྱི་དམ
  • དོ་སྣང་ཆེ་བའི་རྩོམ།