དམངས་སྲིད་པུའུ་ཡིས་སྔར་གྱི་གོ་མིན་ཏང་གི་རི་འགོག་དམག་མི་རྒན་པར་དམིགས་པའི་སྤྱི་ཚོགས་ཕན་བདེ་འགན་ལེན་སྲིད་ཇུས་བསྐྱར་བསྒྲགས་བྱེད།

མིག་དམར་གྱིས་བསྒྱུར།        2013-07-08

  ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ7པའི་ཚེས3ཉིན་འབྱོར་བའི་གཏམ་གསར། ཉེ་ཆར། དམངས་སྲིད་པུའུ་ཡིས་དམངས་ཆེན་འཐུས་མིས་སྔར་གྱི་གོ་མིན་ཏང་གི་རི་འགོག་དམག་མི་རྒན་པར་དམིགས་པའི་སྤྱི་ཚོགས་ཕན་བདེ་འགན་ལེན་སྲིད་ཇུས་ཀྱི་འབྲེལ་ཡོད་བསམ་ཆར་ལ་ལན་བཏབ་པས། སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཏུ་སེམས་ཁུར་བྱས་པ་རེད། དམངས་སྲིད་པུའུ་ཡིས་གོང་ཚེས་ཉིན་གྱི་དགོང་མོར་གསལ་བསྒྲགས་སྤེལ་ཏེ། སྔར་གྱི་གོ་མིན་ཏང་གི་རི་འགོག་དམག་མི་རྒན་པར་དམིགས་པའི་འབྲེལ་ཡོད་སྲིད་ཇུས་བསྐྱར་བསྒྲགས་བྱས་པ་རེད།
    གསལ་བསྒྲགས་ལས་སྟོན་རྒྱུར། བཅོས་བསྒྱུར་སྒོ་འབྱེད་དང་དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོ་དང་སྨན་བཅོས། མ་མཐའི་འཚོ་རྟེན་འགན་ལེན་བཅས་སྤྱི་ཚོགས་ཀྱི་འགན་ལེན་ལམ་ལུགས་རིམ་བཞིན་བཙུགས་ཡོད། གོ་མིན་ཏང་གི་རི་འགོག་དམག་མི་རྒན་པས་དང་སྤྱི་ཚོགས་ཀྱི་མང་ཚོགས་གཞན་པ་དང་འདྲ་བར་འོས་བབ་ཀྱི་སྤྱི་ཚོགས་འགན་ལེན་ལོངས་སུ་སྤྱད་ཡོད་མོད། འོན་ཀྱང་འགའ་ཤས་ཀྱི་འཚོ་བར་ད་དུང་དཀའ་ངལ་ཡོད་པས་དམངས་སྲིད་པུའུ་ཡིས་ད་ཡོད་ཀྱི་འགན་ལེན་ལམ་ལུགས་ཀྱི་མིང་ཐོག་ནས་བརྡ་ཐོ་བཏང་པ་སྟེ། གཅིག་ནི་ཆ་རྐྱེན་འཛོམས་པའི་སྔར་གྱི་གོ་མིན་ཏང་གི་རི་འགོག་དམག་མི་རྒན་པ་རྣམས་འོས་བབ་ཀྱི་འགན་ལེན་གཞི་ཁྱོན་དུ་ལེན་རྒྱུ་དང་། སྔོན་ལ་གཟིགས་སྐྱོང་བྱས་ཏེ་རྒན་གསོ་ཁང་དང་ཕན་བདེ་ཁང་དུ་འགྲོ་རྒྱུར་བསྐྱར་བསྒྲགས་ཡང་བསྐྱར་བྱེད་པ། གཉིས་ནི་སྤྱི་ཚོགས་རྩ་འཛུགས་ལ་རྒྱབ་སྐྱོར་དང་སྐུལ་མ། སྣེ་ཁྲིད་བཅས་བྱས་ཏེ་སྤྱི་ཚོགས་ཀྱིས་ཞལ་འདེབས་བརྒྱབ་པ་སོགས་འོས་འཚམ་གྱི་རྣམ་པ་བརྒྱུད་དེ་དེ་ཚོར་རོགས་སྐྱོར་དང་སྐྱོབ་རོགས་བྱེད་པ། གསུམ་ནི་ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་གིས་ཁོ་ཚོའི་ཆབ་སྲིད་དང་འཚོ་བར་སེམས་ཁུར་དང་ལྟ་རྟོག་བྱེད་པའི་གྲོས་གཞི་བཏོན་པ་རེད།
    དམངས་སྲིད་པུའུ་ཡིས་སྟོན་རྒྱུར། སྔར་གྱི་གོ་མིན་ཏང་གི་རི་འགོག་དམག་མི་རྒན་པ་ཚུད་པའི་དཀའ་ངལ་ཡོད་པའི་ཚོགས་སྤྱི་དང་དམིགས་བསལ་གྱི་ཚོགས་སྤྱི། གཟིགས་སྐྱོང་ཚོགས་སྤྱི་བཅས་ཀྱི་འགན་ལེན་ལས་ཀ་ཡག་པོ་བསྒྲུབ་དགོས་པ་དེ་ནི་དམངས་སྲིད་སྡེ་ཁག་གི་འགན་འཁྲི་ཡིན། དམངས་སྲིད་པུའུ་ཡིས་མུ་མཐུད་ནས་ད་ཡོད་ཀྱི་སྲིད་ཇུས་དོན་འཁྱོལ་ལེགས་པོ་བྱ་རྒྱུ་ཡིན་པ་མ་ཚད། ད་རུང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་མུ་མཐུད་ནས་སྔར་གྱི་གོ་མིན་ཏང་གི་རི་འགོག་དམག་མི་རྒན་པ་ཚུད་པའི་དཀའ་ངལ་ཡོད་པའི་ཚོགས་སྤྱི་དང་དམིགས་བསལ་གྱི་ཚོགས་སྤྱི། གཟིགས་སྐྱོང་ཚོགས་སྤྱི་བཅས་ཀྱི་འགན་ལེན་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
  • ལེ་ཚན་སྔོན་མ།:ཧིན་རྡུ་ཉི་ཞི་ཡཱ་རུ་ཚད་རིམ6དང་གྲངས་ཆུང1གི་ས་འགུལ་བྱུང་།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་བཏང་སྟེ་ཞིང་འབྲོག་ལས་རིགས་ཀྱི་ཉེན་འགོག་འགན་ལེན་གྱི་མ་དངུལ
  • དོ་སྣང་ཆེ་བའི་རྩོམ།