མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-07-05
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས3ཉིན་ན་གཞོན་གྱི་ལས་ཤོར་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་པའོ་ལིན་ནས་དམིགས་བསལ་མཐོ་རིམ་གྲོས་ཚོགས་བསྡུས།
འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་མཐོ་རིམ་གྲོས་ཚོགས་མ་བསྡུས་གོང་ནན་གྱིས་བསྟན་དོན། ན་གཞོན་གྱི་ལས་ཤོར་གནད་དོན་ཐག་གཅོད་བྱེད་པར་སྒྲིག་གཞི་བཅོས་བསྒྱུར་བྱས་ཏེ། ན་གཞོན་གྱི་ལས་ཞུགས་ཇེ་མང་དུ་གཏོང་བ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་སྲིད་གཞུང་གི་ལས་འགན་དང་དམིགས་འབེན་ཡིན་ཟེར། ཁོ་མོས་ད་རུང་བསྟན་དོན། དེང་སྐབས་ཡོ་རོབ་གླིང་གི་ཚབས་ཆེ་བའི་ན་གཞོན་ངལ་རྩོལ་བཟོ་བའི་ཚོང་རའི་གནས་བབ་དེ་ནི་ཡོ་རོབ་གླིང་གིས་ཆེས་དགོས་གལ་ཆེ་བའི་གནད་དོན་ཞིག་ཡིན་ཟེར།
ཉིན་དེར་གྲོས་ཚོགས་ལ་ཞུགས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པའི་ཁྲོད་རྒྱལ་ཁབ་བཅོ་བརྒྱད་ཀྱི་སྲིད་གཞུང་མགོ་གཙོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བརྒྱད་ཀྱི་ངལ་རྩོལ་བཟོ་བའི་པུའུ་ཀྲང་ཡོད་པ་དང་། ཁོ་ཚོས་ན་གཞོན་གྱི་ལས་ཤོར་ཐག་གཅོད་བྱེད་པའི་བྱེད་ཐབས་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། ཧུར་ཐག་སྒོས་དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་བྱེད་པ་དང་ལས་ཞུགས་ཇེ་མང་དུ་བཏང་སྟེ་འགྲན་རྩོད་ནུས་པ་ཇེ་མཐོར་གཏོང་རྒྱུ་ཡིན་པ་ནན་བཤད་བྱས།
ཡོ་རོབ་གླིང་མནའ་འབྲེལ་བསྡོམས་རྩིས་ཅུའུ་ཡིས་ཁྱབ་སྒྲོག་བྱས་པའི་རྒྱུ་ཆ་གསར་བ་ལྟར་ན། ད་ལོའི་ཟླ་ལྔ་བར་ཡོ་རོབ་གླིང་མནའ་འབྲེལ་གྱི་ལོ་ཉེར་ལྔའི་མན་གྱི་ན་གཞོན་ལས་ཤོར་མཁན་གྱི་ཁ་གྲངས་ས་ཡ་ལྔ་དང་འབུམ་ལྔ་ཡིན་པ་དང་། ན་གཞོན་གྱི་ལས་ཤོར་ཚད་བརྒྱ་ཆའི་ཉེར་གསུམ་ཙམ་ཡིན། དེའི་ནང་ཞི་ལཱ་རྒྱལ་ཁབ་ཀྱི་ན་གཞོན་གྱི་ལས་ཤོར་ཚད་ཆེས་མཐོ་བ་དང་། བརྒྱ་ཆའི་ང་དགུ་ལྷག་ལ་བསླེབས་ཡོད། སི་ཕན་བརྒྱ་ཆའི་ང་དྲུག་ལ་བསླེབས་ཡོད་པ་དང་། ཕུའུ་ཐའོ་ཡཱ་བརྒྱ་ཆའི་ཞེ་གཉིས་ལྷག་ལ་བསླེབས་ཡོད། འཇར་མན་གྱི་ན་གཞོན་གྱི་ལས་ཤོར་ཚད་ཆེས་དམའ་ལ། བརྒྱ་ཆའི་བདུན་དང་གྲངས་ཆུང་དྲུག་ཙམ་ཡིན་པ་རེད།
ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་མགོ་གཁྲིད་པས་གཟའ་འཁོར་གཅིག་གི་སྔོན་ལ་པུའུ་ལུའུ་སེར་མཐོ་རིམ་གྲོས་ཚོགས་སྟེང་ཡོ་རོབ་གླིང་གི་ན་གཞོན་ལས་ཞུགས་ལ་ཡར་སྐུལ་བྱེད་པའི་འཆར་གཞི་ལ་གྲོས་འཆམ་བྱུང་བ་དང་། ཡོ་རོབ་གླིང་གི་སྒོར་མོ་ཐེར་འབུམ་དྲུག་བཏང་སྟེ་ན་གཞོན་ལས་ཞུགས་དང་གསོ་སྦྱོང་འཆར་གཞིའི་ཐད་བཀོལ་རྩིས་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10