བོང་སྟག་ཕུན་ཚོགས་ཀྱི་བརྩམས་ཆོས་པར་བསྐྲུན་གྱི་བགྲོ་གླེང་ཚོགས་འདུ་བསྡུས་པ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-06-26

བོང་སྟག་ཕུན་ཚོགས་ཀྱི་བརྩམས་ཆོས་པར་བསྐྲུན་གྱི་བགྲོ་གླེང་ཚོགས་འདུ་བསྡུས་པ།
བོང་སྟག་ཕུན་ཚོགས་ཀྱི་བརྩམས་ཆོས་པར་བསྐྲུན་གྱི་བགྲོ་གླེང་ཚོགས་འདུ་བསྡུས་པ།

        ཟླ6པའི་ཚེས22ཉིན། 《བོང་སྟག་གཡུ་ལྗོངས་ཕྱུག་མོའི་ལོ་རྒྱུས་བགྲེས་པོའི་ངག་སྒྲོས་རང་གྲོལ་གྱི་གསེད་བཀྲོལ》ཞེས་པ་པར་བསྐྲུན་འགྲེམ་སྤེལ་གྱི་བགྲོ་གླེང་ཚོགས་འདུ་ཐེམ་ཆེན་རྫོང་མི་དམངས་སྲིད་གཞུང་གི་གྲོས་ཚོགས་ཚོམས་ཆེན་དུ་བསྡུས་ཤིང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་སེང་འབྲུག་དང་རྫོང་དཔོན་གཞོན་པ་ཞོའུ་ལན་སོགས་འབྲེལ་ཡོད་འགོ་ཁྲིད་དང་ལས་རིགས་སོ་སོའི་འབྲེལ་ཡོད་མི་སྣ་ཐེངས་འདིའི་བགྲོ་ཚོགས་སུ་ཞུགས་པ་རེད།

བོང་སྟག་ཕུན་ཚོགས་ཀྱི་བརྩམས་ཆོས་པར་བསྐྲུན་གྱི་བགྲོ་གླེང་ཚོགས་འདུ་བསྡུས་པ།
《བོང་སྟག་གཡུ་ལྗོངས་ཕྱུག་མོའི་ལོ་རྒྱུས་བགྲེས་པོའི་ངག་སྒྲོས་རང་གྲོལ་གྱི་གསེད་བཀྲོལ》།

        《བོང་སྟག་གཡུ་ལྗོངས་ཕྱུག་མོའི་ལོ་རྒྱུས་བགྲེས་པོའི་ངག་སྒྲོས་རང་གྲོལ་གྱི་གསེད་བཀྲོལ》ཞེས་པ་འདི་ནི་བོང་སྟག་ཕུན་ཚོགས་ཀྱིས་བརྩམས་ཤིང་། གཅོད་པ་ཀླུ་རྒྱལ་དང་ཁྲེན་མིའོ་མིའོ་གཉིས་ཀྱིས་རྩོམ་སྒྲིག་པའི་འགན་འཁུར་བ་དང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས།

བོང་སྟག་ཕུན་ཚོགས་ཀྱི་བརྩམས་ཆོས་པར་བསྐྲུན་གྱི་བགྲོ་གླེང་ཚོགས་འདུ་བསྡུས་པ།
རྩོམ་པ་པོ་བོང་སྟག་ཕུན་ཚོགས།

རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།

        རྩོམ་པ་པོ་བོང་སྟག་ཕུན་ཚོགས་ནི་རབ་བྱུང་བཅུ་དྲུག་པའི་མེ་ཕོ་ཁྱིའི་ལོར(1946)ལོར་ཁྲི་ཤོར་རྒྱལ་མོའི་ནུབ་ཕྱོགས་ཀྱི་བྲག་དཀར་ཐེམ་ཆེན་ཞེས་པའི་མཐའ་འཁོར་དུ་འཚོ་བའི་འབྲོག་སྡེ་ཆེན་མོ་བོང་སྟག་ཅེས་པ་སྣོད་བཅུད་ཀྱི་བཀོད་པ་མཛེས་ཤིང་། བསོད་ནམས་ཀྱི་དཔུང་བ་མཐུག་པའི་ཞིང་འདིའི་འབྲོག་པ་དབུལ་བོ་ཞིག་གི་ཁྱིམ་དུ་སྐྱེས། ཆུང་བའི་དུས་སུ་ཡུལ་འདིའི་ཆོས་སྡེ་ཆེན་པོ་བོང་སྟག་དགོན་པའམ་ཨེ་ཝཾ་ཏཱ་རེ་གླིང་ནས་རིག་པའི་བརླན་དང་འཕྲད་པའི་གོ་སྐབས་རེ་ཞིག་ཤར་ནའང་། བར་སྐབས་ཤིག་ལ་དུས་རབས་ཀྱི་ཚ་རྔབ་ཆེ་བའི་ཐོར་རླུང་གིས་རྐང་འཐུང་གསར་བ་འདིའི་རྩ་བ་བརླན་ལས་བཏོན་ནས་ཕྱིར་རང་ཡུལ་གཡུ་ཡི་མེ་ལོང་དུ་རྟ་ནོར་ལུག་གི་མཁན་པོར་མངགས། རྐེད་ལ་འུར་ཆ་དྲངས། རྒྱབ་ཏུ་འཕྱིང་ཁུག་ཁུར་བའི་ལོ་ཟླ་དེ་དག་ཏུ་ས་ཁ་ཤོག་གུ་དང་མཛུབ་མོ་སྨྱུག་གུའི་རྩོལ་བ་ལས་བོད་ཡིག་སྦྱངས།
        ཕྱིས་སུ་གསར་བརྗེ་ལས་བྱེད་པའི་དཔུང་སྡེ་ནང་དུ་ཞུགས་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭ་སོགས་ནས་སློབ་སྦྱོང་བྱས་པ་དང་རང་འགན་སྒྲུབ་པའི་ཞོར་དུ་རང་སྦྱོང་གི་རྟག་འགྲུས་བརྩོན་པ་ལ་བརྟེན་ནས་རྒྱ་ཡིག་ལའང་སྦྱངས་འབྲས་ཅུང་བཟང་པོ་ཐོབ། ཁོ་སྔ་གཞུག་ཏུ་མཚོ་ནུབ་ཁུལ་ཏུའུ་ལན་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་། “མཚོ་ནུབ་ཁུལ་ཉིས་སྟོང་ལོའི་ཚན་རྩལ་གོང་འཕེལ་དུ་གཏོང་བའི་འཐབ་ཇུས་དང་འཆར་འགོད”ཀྱི་སློབ་གཞིའི་བློ་འདྲི་ས་དང་། 《ཚྭ་འདམ་གསར་གཏོད་ཞིབ་འཇུག》རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི། མཚོ་ནུབ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་གཞོན་པ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ་སོགས་ཀྱི་འགན་ཁུར།
        ཁོས་འགོ་ཁྲིད་ལས་རྐང་དུ་སྲིད་ཀྱི་ལས་ལ་གཞོལ་བའི་སྐབས་སུའང་གང་ཞིག་དོན་དུ་གཉེར་བའི་ལས་དེ་ལྗིད་རྫོབ་བྲེལ་གསུམ་གྱི་འདུ་འཛིའི་རླུང་ལ་མ་བསྐུར་བ་དང་རིག་པའི་སྦྲང་རྩིའི་བཅུད་ལ་ངོམ་པ་མེད་པར་རོལ་བས། རིག་པའི་རྩལ་དཔུང་ཇེ་མཐུག་དང་ལས་ཀའི་འཇོན་ཐང་ཇེ་རྒྱས་སུ་གྱུར་བ་དང་མཉམ་དུ་བརྩོན་འགྲུས་ཀྱི་ངལ་བ་དང་དུ་བླངས་ནས། ལས་ཞོར་གྱི་དུས་ཚོད་བེད་སྤྱད་དེ་བོད་ཡིག་དང་རྒྱ་ཡིག་ཟུང་གི་རྩོམ་སྣ་ཚོགས་བཅུ་བཞི་ལྷག་བྲིས་ནས་པར་བསྐྲུན་བྱས་ཤིང་། སྡོམས་པས་ཡིག་འབྲུ་ཉིས་འབུམ་ལྔ་སྟོང་ཙམ་ཡོད་ཅིང་། དེའི་ནང་གི་སྒྲུང་གཏམ《རླུང་ནག་འཚུབ་མས་གཡོགས་པའི་རྩྭ་ཐང》ཞེས་པ་དེ་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ནས“རྩོམ་བཟང”གི་དགའ་རྟགས་ཐོབ་པ་དང་། 《ཤིང་གཟུགས་བྱིས་པ་ཡ་མཚར་ཡུལ་དུ་འགྲིམས་པའི་རྣམ་ཐར》ཞེས་པ་དེ་རྒྱ་ཡིག་ནས་བསྒྱུར་ཏེ་ཀྲུང་དབྱང་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས། ཁོས་བྲིས་པའི་བོང་སྟག་གི་ལོ་རྒྱུས་འདིའང་སྒྲིག་སྟངས་བཟང་ཞིང་སྡེབ་ལེགས་པ་དང་། ཁ་གསལ་ཞིང་གོ་བདེ་བ། ལྷག་པར་དུ་བོང་སྟག་ལོ་རྒྱུས་ལ་ཞིབ་འཇུག་བྱ་བར་དཔྱད་གཞིའི་རིན་ཐང་ངེས་ཅན་ལྡན་པ་བཅས་ཀྱི་ཁྱད་ཆོས་མང་དུ་ཡོད།

  • ལེ་ཚན་སྔོན་མ།:ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གིས་སློབ་ཆེན་བུམ་པའི་འགྲན་བསྡུར་དུ་ཨང་དང་པོ་བླངས།
  • ལེ་ཚན་རྗེས་མ།: ལྷ་གྲུ་ཨང་རྟགས་བཅུ་པའི་འཕུར་གྲུ་ས་ངོས་ལ་ལོག་པ།
  • དོ་སྣང་ཆེ་བའི་རྩོམ།