ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས2013ལོའི་སྐབས་བཞི་བའི་དམའ་འབྲིང་མཐར་ཕྱིན་མཛད་སྒོ་སྤེལ།

སྟག་རིག་འབྲུག་ཐར།    མཚོ་སྔོན་པོ་དྲ་བ།    2013-06-21

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས2013ལོའི་སྐབས་བཞི་བའི་དམའ་འབྲིང་མཐར་ཕྱིན་མཛད་སྒོ་སྤེལ།
སྐས་རིམ་སློབ་ཁང་གི་ཚོགས་རའི་ཁྱོན་ཡོངས།

        ཟླ6པའི18ཉིན་གྱི་ཕྱི་དྲོར། སློབ་གྲྭའི་གསོལ་སྟོན་ཁང་གི་ཐོག་རིམ་གཉིས་པ་ནས་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི2013ལོའི་སྐབས་བཞི་བའི་དམའ་འབྲིང་མཐར་ཕྱིན་ སློབ་བུ354དང་ཁྲིད་སྟོན་དགེ་རྒན32དུས་གཅིག་ཏུ་ཆེས་མཐའ་མཇུག་གི་མཉམ་འཛོམས་གསོལ་སྟོན་ལ་ཤ་ཐུལ་གྱི་རི་རབ་བརྩིགས་ཤིང་ཇ་ཆང་གི་མཚོ་མོ་བསྐྱིལ་ནས་དགའ་བདེའི་དཔལ་ལ་རོལ།
        ཚོགས་ཐོག་ནས་དང་ཐོག་སློབ་གཙོ་སྙིང་ལྕགས་རྒྱལ་དང་ཚན་གཙོ་རྡོ་རྗེ་ལྷུན་གྲུབ་གྱིས་རིམ་པར་བརྩེ་སེམས་དྲོན་མོའི་གཏམ་བཤད་དང་ཁ་བརྡ་བྱས་པ་དང་།  དེར་མཐུད་མཐར་ཕྱིན་སློབ་མས་སློབ་གྲྭའི་འགོ་ཁྲིད་དང་འཆད་ཁྲིད་དགེ་རྒན་རྣམས་ལ་དྭངས་གཙང་ལྷད་མེད་ཀྱི་ཁ་བཏགས་འབུལ་ནས་གཞལ་མེད་ཀྱི་བཀའ་དྲིན་ལ་རྗེས་སུ་ཡི་རང་བྱས། མ་ཟད་མཐར་ཕྱིན་སློབ་མའི་འཐུས་ཚབ་ཀྱིས་སློབ་གྲྭའི་འཚོ་བའི་སྡེ་ཁག་ལ་བཀའ་དྲིན་གྱི་ཤིས་ཚིག་འབུལ་ནས་གྱ་ནོམ་ཞིང་ཡིད་དབང་འཕྲོག་པའི་རིག་རྩལ་འཁྲབ་སྟོན་གྱིས་གསོལ་སྟོན་ལ་ཉམས་སྣང་གསར་བའི་མཁའ་དབུགས་གསར་བ་བསྐྲུན།

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས2013ལོའི་སྐབས་བཞི་བའི་དམའ་འབྲིང་མཐར་ཕྱིན་མཛད་སྒོ་སྤེལ།
མཐར་ཕྱིན་སློབ་མའི་འཛིན་བདག་རྣམས་ལ་དྲན་རྟེན་ལེགས་སྐྱེས་འབུལ་བ།

        ཚེས19ཉིན་གྱི་སྔ་དྲོར། སློབ་གྲྭའི་སྐས་རིམ་སློབ་ཁང༌ནས་སློབ་གྲྭའི་འགོ་ཁྲིད་དང་ལོ་རིམ་དགུ་བའི་དགེ་སློབ386ཙམ་ཚོགས་ཐོག་ཏུ་ཞུགས་ནས་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི2013ལོའི་སྐབས་བཞི་བའི་མཐར་ཕྱིན་མཛད་སྒོ་དངོས་སུ་མགོ་བརྩམས།ཚོགས་རིམ་དང་པོར་དགེ་སློབ་ཚང་མ་ཡར་བཞེངས་ནས་བསྟོད་པ་ཆུ་འཛིན་མ་གྱེར་འདོན་ཐེངས་གཅིག་བྱས་ཤིང་རིམ་བཞིན་སློབ་གཙོ་སྙིང་ལྕགས་རྒྱལ་ལགས་ཀྱིས་དགེ་སློབ་བྲལ་ཁ་མའི་ཆེས་མཇུག་མཐའི་གཏམ་བཤད་གལ་ཆེན་གནང་ནས་མདོར་བསྡུས་སྒོས་དམའ་འབྲིང་གི་ལོ་ངོ་གསུམ་རིང་གི་བྱ་བ་ཕྱིར་བལྟས་དང་སྤྱི་སྡོམ་བྱས་ནས་ཕྱིས་སུ་སློབ་ཁྲིད་དོ་དམ་པ་དཔལ་མགོན་ལགས་ཀྱིས་ཤིས་ཚིག་འབུལ་བ་དང་། མཐར་ཕྱིན་འཛིན་བདག་འཐུས་ཚབ་པ། མཐར་ཕྱིན་སློབ་མའི་འཐུས་ཚབ་པ། དགེ་རྒན་འཐུས་ཚབ་པ། སློབ་མའི་འཐུས་ཚབ་པ་བཅས་དགེ་སློབ་དྲུག་གིས་ཤིས་ཚིག་འབུལ་ཏེ་དགེ་སློབ་ཡོངས་ཀྱིས་རེ་བཞག་གི་བསམ་དོན་འགྲུབ་པའི་ཁ་གཡང་བོས་པ་དང་སྨོན་འདུན་ཡང་ཡང་བྱས།དེར་མཐུད་སློབ་སྟོན་ཀྲུའུ་རིན་དཔལ་མགོན་ལགས་ཀྱིས་མཐར་ཕྱིན་སློབ་མའི་མིང་ཐོ་བསྒྲགས་ཏེ་མཐར་ཕྱིན་འཛིན་ཡིག་དང་ལེགས་སྐྱེས་གཉིས་ཀ་སློབ་གྲོགས་ཚང་མའི་དགའ་བའི་གསོས་སུ་འགྱུར། མ་ཟད་དགེ་རྒན་དང་འཛིན་བདག་རྣམས་ལ་ཡང་ལོ་ངོ་འདི་དག་གི་རིང་ལ་ལུས་སེམས་གཉིས་ཀས་དཀའ་བ་བརྒྱ་ཕྲག་གདོང་གིས་བསུས་པའི་ཚབ་མཚོན་དུ་དྲི་མེད་ལྷ་རྫས་དང་ལེགས་སྐྱེས་གཉིས་གཞི་གཅིག་ཏུ་འབུལ་ཏེ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་བླ་མེད་མཛད།
        མཇུག་མཐར་ཕུལ་བྱུང་མཐར་ཕྱིན་སློབ་མ་དང་ཕུལ་བྱུང་འཛིན་གྲྭའི་དོ་དམ་པ། ཕུལ་བྱུང་གཞོན་སྐྱེས་རྩོམ་པ་པོ་བཅས་ཀྱི་མིང་ཐོ་བསྒྲགས་ནས་རང་སེམས་མཚོན་པའི་ལེགས་སྐྱེས་གྱ་ནོམ་པ་ཕུལ་ཏེ་རྗེས་ཕྱོགས་ཀྱི་ལོ་ཟླའི་ཁྲོད་མུ་མཐུད་དུ་སློབ་སྦྱོང་ལ་རྒྱུན་འཁྱོངས་བྱས་ནས་འཇོན་ཐང་ཅན་གྱི་མི་ཞིག་ཏུ་འབད་པ་ལྷོད་མེད་བྱ་དགོས་པའི་བསླབ་བྱ་ཡང་ཡང་གནང་། དེའི་མཚུངས་སུ་མཐར་ཕྱིན་སློབ་མས་མ་ཡུམ་སློབ་གྲྭར་ལེགས་སྐྱེས་འབུལ་ཞོར་བཀའ་དྲིན་ཡང་ཡང་ཞུས་ནས་ཞེན་ཆགས་དང་མིག་ཆུའི་ཁྲོད་དུ་མཐར་ཕྱིན་མཛད་སྒོ་རྒྱལ་ཁའི་ངང་མཇུག་རྫོགས་པ་རེད།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:མཚོ་སྔོན་བོད་ལུགས་གསོ་རིག་མཐུན་ཚོགས་དེ་ཟི་ལིང་དུ་བཙུགས་པ།
  • དོ་སྣང་ཆེ་བའི་རྩོམ།