ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཚད་མ་རིག་པའི་སྐོར་གྱི་རིག་གཞུང་བགྲོ་ཚོགས་བསྡུས་པ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-06-17

ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཚད་མ་རིག་པའི་སྐོར་གྱི་རིག་གཞུང་བགྲོ་ཚོགས་བསྡུས་པ།
ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཚད་མ་རིག་པའི་སྐོར་གྱི་རིག་གཞུང་བགྲོ་ཚོགས་བསྡུས་པ།

        ཟླ6པའི་ཚེས5ཉིན། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གྲོས་ཚོགས་ཁང་དུ“བོད་ཀྱི་ཚད་མ་རིག་པའི་སྐོར་གྱི་རིག་གཞུང་བགྲོ་ཚོགས”བསྡུས་ཤིང་། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་སྟེང་མཚན་ཉིད་དང་ཆོས་ལུགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དཔལ་འབར་རྡོ་རྗེ་དང་། དགེ་རྒན་ཆེན་མོ་སུང་ཝུ་ཧུ། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་འཇིགས་མེད་བསམ་གྲུབ། བོད་རིག་པའི་སློབ་གླིང་གི་གླིང་གཙོའམ་དགེ་རྒན་ཆེན་མོ་ཚེ་རིང་ཐར་དང་། དགེ་རྒན་ཆེན་མོ་གྲགས་པ་འབྱུང་གནས། དགེ་རྒན་ཆེན་མོ་གཞོན་པ་བཀྲ་བྷ་སོགས་ཤེས་ཡོན་པ་རྣམས་ཞུགས་ཡོད། བགྲོ་གླེང་ཚོགས་འདུ་ལ་དགེ་རྒན་ཆེན་མོ་གཞོན་པ་བཀྲ་བྷས་མདོ་འཛིན་མཛད།
        ཚོགས་ཐོག་ཏུ་དགེ་རྒན་ཆེན་མོ་ཚེ་རིང་ཐར་གྱིས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི“བོད་ཀྱི་ཚད་མ་རིག་པའི་ལོ་རྒྱུས་ཞིབ་འཇུག་བྱ་བའི་ལྷན་ཚོགས”བཙུགས་པའི་དོན་སྙིང་དང་དེ་བཙུགས་པའི་ཚུན་གྱི་བྱ་བའི་གནས་ཚུལ་སྙན་ཞུ་ཕུལ་བ་མ་ཟད། རྗེས་ཕྱོགས་ཀྱི་བྱ་བའི་ཐད་ནས་ལྟ་ཚུལ་དང་བསམ་འཆར་བརྗོད། ཁོས་གསུང་རྒྱུར། བོད་བརྒྱུད་ནང་བསྟན་མཚན་ཉིད་རིག་པའི་གཏན་ཚིགས་བརྟག་ཐབས་སློབ་སྦྱོང་བྱེད་པའི་ཆ་ནས་གལ་སྲིད་བོད་ཀྱི་ཚད་མ་རིག་པ་སྦྱོང་བ་མ་བྱས་ན། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་རྒྱུས་ལོན་བྱེད་དཀའ་བ་དང་། ཚད་མ་རིག་པ་ནི་བོད་བརྒྱུད་ནང་བསྟན་རིག་གནས་ཞིབ་འཇུག་བྱེད་པའི་གལ་ཆེའི་ལག་ཆས་ཤིག་དང་། བོད་རིག་པའི་ཞིབ་འཇུག་གི་སྒོ་མོ་འབྱེད་པའི་ལྡེ་མིག  དེ་མིན་དེས་མི་སྒེར་གྱི་བསམ་གཞིག་ནུས་ཤུགས་སྦྱོང་བརྡར་ལེགས་པོ་ཐོབ་ཐུབ། ཞོར་དུ་ཁོས་མིག་སྔར་མི་རིགས་སློབ་གླིང་སོ་སོའི་ཚད་མ་རིག་པ་སློབ་སྦྱོང་གི་གནས་ཚུལ་དང་གཞིག་སྟེ་མི་རིགས་སློབ་གླིང་སོ་སོས་ཚད་མ་རིག་པ་སློབ་སྦྱོང་དང་རྒྱུན་འཛིན་བྱེད་པའི་ཞན་ཆ་གསལ་སྟོན་གནང་།
        དེར་མཐུད་དེ་དགེ་རྒན་ཆེན་མོ་དཔལ་འབར་རྡོ་རྗེ་དང་། དགེ་རྒན་ཆེན་མོ་སུང་ཝུ་ཧུ། དགེ་རྒན་ཆེན་མོ་འཇིགས་མེད་བསམ་གྲུབ། དགེ་རྒན་ཆེན་མོ་གྲགས་པ་འབྱུང་གནས་བཅས་སོ་སོས་ཀྱང་ཚད་མ་རིག་པ་དང་འབྲེལ་བའི་ལྟ་ཚུལ་དང་འདོད་བློ། བསམ་འཆར་སོགས་བརྗོད་པ་རེད།
        ཐེངས་འདིའི་བགྲོ་གླེང་དུ་རིག་གཞུང་གི་ཁ་དབུགས་ཤིན་ཏུ་སྟུག་ཅིང་། ཤེས་བྱ་མཉམ་སྤྱོད་དང་། ཕན་ཚུན་སློབ་སྦྱོང་བྱེད་པའི་མཇུག་འབྲས་བཟང་བོ་བྱུང་།

  • ལེ་ཚན་སྔོན་མ།:ཟི་ལིང་ས་ཁུལ2013ལོའི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྤེལ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཧེ་ཨེར་མཱ་ལི་ཡ་མུའུ་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།