རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། མཚོ་སྔོན་གསར་འགྱུར་དྲ་བ། 2013-09-23
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་ཉེ་ལམ་མཚོ་སྔོན་ཞིང་ཆེན་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཐོན་ཁུངས་སྒྲིག་གཞི་དེ་ཞིང་སྡེ་དང་མཐའ་ཁུལ། དབུལ་ཕོངས། མི་རིགས་ས་ཁུལ་བཅས་ལ་ཁ་ཕྱོགས་པའི་ནུས་པ་ཇེ་ཆེར་བཏང་སྟེ། ས་ཁུལ་འདི་དག་གི་སློབ་གསོ་འཕྲོད་བསྟེན་སོགས་སྤྱི་ཚོགས་ལས་དོན་འཕེལ་རྒྱས་ཀྱི་ཆུ་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཧུར་བརྩོན་གྱིས་ཤང་གྲོང་ཆུང་བ་དང་ས་ཁུལ་བར་གྱི་ཧེ་བག་ཇེ་ཆུང་དུ་བཏང་ནས་མང་ཚོགས་ཀྱིས་བདེན་དྲང་གི་གཞི་རྩའི་སྤྱི་བའི་ཞབས་ཞུ་ལོངས་སྤྱོད་བྱེད་པར་འགན་སྲུང་བྱེད་དགོས་པར་བསྟན།
ལིའུ་ཡན་ཏུང་མཚོ་སྔོན་ལི་ཏུའུ་དང་ཧེ་ཡན་སོགས་ས་ཁུལ་གྱི་སློབ་སྔོན་སློབ་གསོ་དང་ཞིང་སྡེའི་སློབ་གྲྭར་བྱིས་པའི་སློབ་ཞུགས་སྔོན་གྱི་འཕེལ་རྒྱས་ལས་གཞི་དང་འཚོ་བཅུད་ལེགས་བཅོས་འཆར་འགོད་ལག་བསྟར་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་བསྟན་དོན། བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་འགན་སྲུང་བྱེད་པ་ནི་དབུལ་ཐར་ཕྱུག་བསྒྱུར་བྱེད་པའི་རྩ་བའི་ཐབས་ལམ་ཡིན་ལ། སྲིད་གཞུང་གིས་གཞི་རྩའི་སྤྱི་བའི་ཞབས་ཞུ་མཁོ་འདོན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། ཕྱོགས་ཡོངས་ལ་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ནས་ཕན་ནུས་ལྡན་པའི་སྒོ་ནས་ཐོན་ཁུངས་ཧྲག་བསྡུ་དང་ཁ་གཏད་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་བའི་སྲིད་ཇུས་བྱེད་ཐབས་སྤྱད་དེ། དབུལ་ཕོངས་ས་ཁུལ་གྱི་བྱིས་པ་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། གཙོ་བོ་བདེ་ཐང་དང་སློབ་གསོ་བཅས་བྱིས་པ་འཚར་ལོངས་བྱུང་བའི་གོ་རིམ་འདི་གཉིས་ལ་དམིགས་ཏེ། དབུལ་ཕོངས་ས་ཁུལ་གྱི་བྱིས་པར་དགོས་ངེས་ཀྱི་ཐེ་གཏོགས་དང་འགན་སྲུང་བྱེད་པ་དང་། འཕྲོད་བསྟེན་བདེ་སྲུང་ལ་ཤུགས་བསྣན་ནས་འཚོ་བཅུད་གནས་ཚུལ་ཇེ་ལེགས་སུ་གཏོང་བ། སློབ་གསོའི་ཆུ་ཚད་ཇེ་མཐོར་བཏང་སྟེ། དམིགས་བསལ་དཀའ་ངལ་བྱིས་པར་བརྩེ་སེམས་བཅིངས་བའི་མ་ལག་བཙུགས་ནས་ཧུར་བརྩོན་གྱིས་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་འགན་སྲུང་བྱེད་དགོས།
ལིའུ་ཡན་ཏུང་གིས་ནན་གྱིས་བསྟན་དོན། སློབ་གསོ་ཆ་སྙོམས་ནི་སྤྱི་ཚོགས་ཆ་སྙོམས་ཀྱི་རྨང་གཞི་གཙོ་བོ་དང་སློབ་གསོ་འཕེལ་རྒྱས་ཀྱི་ལས་འགན་གཙོ་གནད་ཡིན། ཡུལ་བབ་དང་བསྟུན་ནས་འོས་འགན་སློབ་གསོའི་སློབ་གྲྭའི་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པ་དང་། ཞིང་སྡེའི་དབུལ་ཕོངས་ས་ཁུལ་གྱི་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱས་ཏེ། འོས་འགན་སློབ་གསོ་ཆ་སྙོམས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། སློབ་གསོ་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་ཆ་འཕྲིན་ལག་རྩལ་གྱིས་ཞིང་སྡེའི་དབུལ་ཕོངས་ས་ཁུལ་གྱི་སློབ་མར་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ལོངས་སྤྱོད་བྱེད་དུ་འཇུག་དགོས་ལ། དགེ་རྒན་དཔུང་ཁག་གི་སྤུས་ཚད་མཐོར་འདེགས་སུ་བཏང་ནས་ཤར་དབུས་ནུབ་རྒྱུད་ཀྱི་སློབ་གསོ་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ཕུལ་བྱུང་དགེ་རྒན་ལ་བྱེད་ཐབས་སྣ་མང་སྤྱད་དེ་དབུས་ནུབ་ས་ཁུལ་དུ་ཞབས་ཞུ་སྒྲུབ་པར་སྐུལ་མ་གཏོང་བ་དང་། སྔར་ལས་ལྷག་པའི་བྱེད་ཐབས་སྤྱད་དེ་དབུས་ནུབ་ས་ཁུལ་དང་ཞིང་སྡེའི་སློབ་མ་སློབ་ཆེན་དུ་འགྲིམ་པ་དང་ལྷག་པར་དུ་ལྟེ་གནས་སློབ་ཆེན་དུ་འགྲིམ་པའི་བསྡུར་ཚད་ཇེ་མཐོར་བཏང་སྟེ། དབུས་ནུབ་ས་ཁུལ་དང་ཞིང་སྡེར་སྔར་ལས་མང་བའི་འཇོན་མི་སྣ་ཚོགས་གསོ་སྐྱོང་བྱེད་དགོས།
ལིའུ་ཡན་ཏུང་གིས་གཞུང་བཙུགས་སྨན་ཁང་དང་གཞི་རིམ་སྨན་བཅོས་ལས་ཁུངས་ལ་རྟོག་ཞིབ་བྱས། ཁོ་མོས་མཚོ་སྔོན་གྱིས་གཞུང་བཙུགས་སྨན་ཁང་དང་གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་ཕྱོགས་བསྡུས་བཅོས་བསྒྱུར་ཕྱོགས་ཀྱི་ཕན་འབྲས་ལ་ཁས་ལེན་བྱས་པ་དང་། གཞི་རྩའི་སྨན་རྫས་ལམ་ལུགས་འཐུས་ཚང་དུ་བཏང་ནས་གཞི་རིམ་སྨན་བཅོས་ལས་ཁུངས་འཁོར་སྤྱོད་ཀྱི་ལམ་ལུགས་གསར་བ་ཇེ་བརྟན་དུ་གཏོང་བ་དང་། རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་བཅོས་བསྒྱུར་གཙོ་གནད་དུ་བཟུང་སྟེ་སྨན་བཅོས་ལས་ཁུངས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། གཞི་རིམ་གྱི་ནད་བརྟག་དང་རིམ་པ་བཀར་ནས་སྨན་བཅོས་བྱེད་པ། ཕྱོགས་གཉིས་སུ་སྤོ་བསྒྱུར་ནད་བརྟག་གི་ཞབས་ཞུ་རྣམ་པར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱིས་ཐག་ཉེ་ས་ནས་སྨན་བཅོས་བྱེད་པར་སྟབས་བདེ་བསྐྲུན་པ་དང་སྨན་བཅོས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་དགོས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་མི་སྣའི་གསོ་སྦྱོང་ལ་ཤུགས་བསྣན་ཏེ་ཤང་སྡེའི་སྨན་པའི་དཔུང་སྡེ་བརྟན་རླིང་དང་ལེགས་བཅོས་སུ་བཏང་ནས། མི་རིགས་གསོ་རིག་གི་ཐོན་ཁུངས་གཅིག་བསྒྲིལ་དང་རྒྱུད་འཛིན། ཁྱབ་གདལ་དུ་བཏང་སྟེ་མུ་མཐུད་དུ་གཞི་རིམ་སྨན་བཅོས་འཕྲོད་བསྟེན་མི་སྣའི་ཞབས་ཞུ་ནུས་པ་ཇེ་མཐོར་གཏོང་དགོས་པ་ནན་གྱིས་བསྟན།
ལིའུ་ཡན་ཏུང་གིས་ད་རུང་ཚན་རྩལ་རང་བཞིན་གྱི་ཁེ་ལས་དང་རིག་གནས་ལས་ཁུངས་ལ་རྟོག་ཞིབ་བྱས་པ་དང་། དགོན་སྡེའི་ཆོས་ལུགས་མི་སྣར་འཚམ་འདྲི་བྱས།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་ལའོ་ཧུའེ་ཉིན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཧི་ཕིན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་མའོ་ཞའོ་པིན། ཧྲིན་ཀྲང་གཞོན་པ་མ་ཧྲིན་ཆིན་བཅས་ཀྱིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10