ཀྲུང་ཨ་གཉིས་ཀྱི་འགོ་གཙོ་ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་ཨའོ་པ་མ་རྣམ་གཉིས་མཇལ་འཕྲད་གནང་འགོ་ཚུགས།

        2013-06-13

ཀྲུང་ཨ་གཉིས་ཀྱི་འགོ་གཙོ་ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་ཨའོ་པ་མ་རྣམ་གཉིས་མཇལ་འཕྲད་གནང་འགོ་ཚུགས།

 ཞིན་ཧྭ་གསར་འགྱུར་ཁང་ཨ་རིའི་ཨན་ན་པའོ་གེ་ལྡུམ་ཁུལ་ནས་ཟླ་བ6པའི་ཚེས7ཉིན་འབྱོར་བའི་གཏམ་གསར།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་ཚེས7ཉིན་ཨ་རིའི་ཅ་ལི་ཧྥུ་ཉིང་ཡ་ཀྲོའུ་ཡི་ཨན་ན་པའེ་གེ་ལྡུམ་ཁུལ་དུ་ཨ་རིའི་ཙུང་ཐུང་ཨའོ་པ་མ་དང་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་མཇལ་འཕྲད་གནང་།
    བཞུགས་མོལ་གནང་འགོ་ཚུགས་སྐབས།ཞི་ཅིན་ཕིང་གིས་ཨའོ་པ་མ་ལ་གསུངས་དོན། སྐུ་ཞབས་ཙུང་ཐུང་ལགས་ཁྱོདད་ཀྱིས་གདན་འདྲེན་ཞུས་པར་བཀའ་དྲིན་ཆེ།ཉི་འོད་ཡུལ་གྱི་ཨ་ན་པའེ་གེ་ལྡུམ་ཁུལ་དུ་ཡོང་ནས་ཁྱོད་དང་མཇལ་འཕྲད་གནང་བར་ཤིན་ཏུ་དགའ་སྤྲོ་ཆེ་བྱུང་།འདི་ནི་ཞི་བདེ་རྒྱ་མཚོ་དང་ཆེས་ཐག་ཉེ་བའི་ས་ཆ་ཞིག་ཡིན་ཞིང་།རྒྱ་མཚོ་ཆེན་པོའི་ཕར་ངོགས་སུ་ཀྲུང་གོ་ཡོད། ངས་ན་ནིང་ཨ་རི་ལ་འཚམས་འདྲི་ཞུ་སྐབས་བཤད་མྱངས།ཡངས་ཤིང་རྒྱ་ཆེ་བའི་ཞི་བདེ་རྒྱ་མཚོར་ཀྲུང་ཨ་རྒྱལ་ཁབ་ཆེན་པོ་གཉིས་གཤོང་ཐུབ་པའི་ཡུལ་ཁམས་འདང་ངེས་ཡོད་པ་རེད།ངས་ད་ལྟའང་སྔར་བཞིན་དེ་འདྲ་བསམ་བཞིན་ཡོད།དེ་རིང་།ངས་ཙུང་ཐུང་ཨའོ་པ་མ་དང་འདི་ན་མཇལ་འཕྲད་གནང་བའི་དམིགས་ཡུལ་གཙོ་བོ་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འབྲེལ་བའི་དཔེ་རིས་འཆར་འགོད་བཞག་ནས་ཞི་བདེ་རྒྱ་མཚོ་ཆེན་པོ་བརྒལ་བའི་མཉམ་ལས་བྱ་རྒྱུ་དེ་ཡིན།
    ཞི་ཅིན་ཕིང་གིས་ལོ་བཞི་བཅུའི་ལྷག་ཙམ་རིང་།ཀྲུང་ཨའི་འབྲེལ་བ་ཐད་སྐྱིད་སྡུག་མྱངས་ཤིང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཡར་ཐོན་བྱུང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་ཁབ་ཁག་གི་མི་དམངས་ལ་ཁེ་ཕན་ཧ་ཅང་ཆེན་པོ་ཁྱེར་ཡོང་བ་རེད་ཅེས་གསུངས།
 ཞི་ཅིན་ཕིང་གིས་ནན་གསུང་གནང་དོན།གནས་བབ་གསར་པའི་འོག ང་ཚོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཞིབ་ལྟ་ཟབ་མོ་བྱེད་དགོས།ང་ཚོས་ཀྲུང་ཨ་རྒྱལ་ཁབ་གཉིས་ལ་འབྲེལ་བ་ཅི་འདྲ་བྱེད་དགོས་སམ།ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གང་འདྲ་བྱས་ནས་ཁེ་ཕན་མཉམ་ཐོབ་བྱེད་དགོས་སམ།ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱིས་གང་འདྲ་བྱས་ཏེ་ལག་གདངས་སྦྲེལ་ནས་མཉམ་དུ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།དེ་ནི་ང་ཚོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་དོ་ཁུར་བྱེད་པའི་བྱ་བ་ཞིག་ཡིན་ལ།རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སེམས་ཁུར་བྱེད་པའི་བྱ་བ་ཞིག་ཀྱང་རེད།ང་ཚོ་ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་སྟུན་པ་དང་།མིའི་རིགས་ཀྱི་འཕེལ་རྒྱས་ཡར་ཐོན་ཡོང་བར་དམིགས་ནས་བསམ་གཞིགས་གསར་སྐྲུན་དང་།ཧུར་ཐག་གིས་བྱ་སྤྱོད་སྤེལ་ནས་ཐུན་མོང་དུ་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་ཞིག་འཛུགས་སྐྱོང་བྱེད་དགོས།
    ཞི་ཅིན་ཕིང་གིས་བསྟན་དོན། བདག་གིས་ཙུང་ཐུང་ཨའོ་པ་མ་དང་ཕྱོགས་གཉིས་ཀས་དོ་ཁུར་བྱེད་པའི་གལ་ཆེའི་འཐབ་ཇུས་རང་བཞིན་གྱི་གནད་དོན་ཐད་ལ་བསམ་འཆར་ཟབ་མོ་སྤེལ་རེས་བྱས་པ་དང་ཕན་ཚུན་ཆ་རྒྱུས་ཟབ་མོ་ལེན་པ།ཁྱོན་ཡོངས་ནས་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་བར་རེ་བ་ཆེན་པོ་བཅོལ་ཡོད། ཕྱོགས་གཉིས་ཀས་མཉམ་དུ་འབད་བརྩོན་བྱས་འོག་ཐེངས་འདིའི་མཇལ་འཕྲད་གནང་རྒྱུ་དེར་དགེ་མཚན་ལྡན་པའི་གྲུབ་འབྲས་གལ་ཆེན་ཐོབ་ངེས་ཡིན་པ་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ནང་ཀྲུང་ཨ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་གསོན་ཤུགས་གསར་པ་ཞིག་སྣོན་ཐུབ་རྒྱུའི་ཡིད་ཆེས་ཡོད།
    ཨའོ་པ་མ་ཡིས་བསྟན་དོན།ཨ་ཀྲུང་བར་གྱི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ལ་གལ་ཆེ་བ་དང་ཡ་གླིང་ཞི་བདེ་རྒྱ་མཚོ་ལ་གལ་ཆེ་བ། ཐ་ན་འཇིག་རྟེན་ཡོངས་ལ་གལ་ཆེན་པོ་ཞིག་རེད།ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་འདི་ལྟར་མགྱོ གས་པོར་མཇལ་འཕྲད་བྱ་རྒྱུ་དེས་ཨ་ཕྱོགས་ཀྱིས་ཨ་ཀྲུང་བར་གྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་གནང་བ་མཚོན་ཐུབ་ལ། ཨ་ཀྲུང་ཕྱོགས་་གཉིས་ཀས་དེག་མཚན་ལྡན་ཞིང་ལྷག་བསམ་ཟོལ་མེད་ཀྱིས་ཞལ་བརྡ་ལབ་པ་དེས་ཕྱིན་ཆད་ཀྱི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་ལ་གལ་ཤིན་ཏུ་ཆེ།དེ་རིང་ཡང་འདི་ལྟར་དུས་རྒྱུན་དང་མི་འདྲ་བ་བཀོད་སྒྲིག་བྱས་པ་དེ་ནས་ཨ་ཀྲུང་བར་གྱི་འབྲེལ་བའི་གལ་ཆེའི་རང་བཞིན་མངོན་ཡོད།ཕྱོགས་གཉིས་ཀར་རྒྱ་ཁྱབ་ཀྱི་གྲོས་གཞིར་གྲོས་བསྡུར་བྱེད་པའི་གོ་སྐབས་ཡོད་ལ། ཕན་ཚུན་གཉིས་ཕན་པ་ཡོང་བ་དང་ཕན་ཚུན་བརྩི་འཇོག་བྱས་པའི་རྨང་གཞིའི་ཐོག་འཛུགས་སྐྱོང་བྱས་པའི་རྒྱལ་ཁབ་དང་རྒྱལ་ཁབ་བར་མཉམ་ལས་བྱེད་སྟངས་གསར་པ་ཞིབ་དཔྱད་བྱ་རྒྱུའི་གོ་སྐབས་ཀྱང་ཡོད་པ་རེད། ཨ་རིས་ཀྲུང་གོ་རྒྱལ་ཁབ་ཆེན་པོ་དེ་མུ་མཐུད་ནས་ཞི་བདེ་འཕེལ་རྒྱས་ཡོང་བར་དགའ་སྤྲོ་ཤིན་ཏུ་ཆེ།ཞི་བདེ་དང་བརྟན་བརླིང་།དར་རྒྱས་བཅས་ཀྱི་ཀྲུང་གོ་དེ་ཨ་རི་དང་ཐ་ན་འཛམ་བུ་གླིང་ལ་ཕན་ཐོགས་ཡོད་པས།ཨ་རི་ཕྱོགས་ཀྱིས་ཀྲུང་གོ་དང་སྟོབས་ཤུགས་ལྡན་པའི་མཉམ་ལས་ཀྱི་འབྲེལ་བ་སྲུང་འཛིན་བྱ་རྒྱུར་རེ་བ་ཡོད།ངས་ཀྲུའུ་ཞི་ཞི་ཕིན་ཕིང་དང་མཉམ་དུ་ཧུར་ཐག་འབད་བརྩོན་བྱས་ནས་སའི་གོ་ལའི་ཡོངས་ཀྱི་འགྲན་རྩོད་སྣ་མང་ལ་ཁ་གཏད་འཇལ་རྒྱུའི་མོས་མཐུན་ཡོད། ངས་ཀྲུང་ཞི་ཞི་ཅིན་ཕིང་གིས་ཐེངས་འདིའི་འཚམས་འདྲི་ཕེབས་པར་བརྒྱུད་ཨ་ཀྲུང་ཕྱོགས་གཉིས་ཀས་ཕྱིན་ཆད་ཀྱི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་བྱེད་སྟངས་གསར་པར་རྨང་གཞི་འདིང་རྒྱུར་རེ་བ་ཤིན་ཏུ་ཆེན་པོ་ཡོད།།


  • ལེ་ཚན་སྔོན་མ།:《བོད་ལྗོངས་ཀྱི་གནའི་བཟོ་བཀོད》ཞེས་པའི་ཐོག་མའི་མ་ཟིན་ལེགས་འགྲུབ་བྱུང་བ།
  • ལེ་ཚན་རྗེས་མ།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས༼ གསེར་ཆེན་དཔང་བསྟོད་ཆ
  • དོ་སྣང་ཆེ་བའི་རྩོམ།