ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར་སློབ་གསོ་པུས་གཤམ་སྤེལ་བྱས་པའི2013ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ཡིག་རྒྱུགས་ཀྱི་ཁྲིམས་འཛིན་ལྟ་ཞིབ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་གཞིར་བཟུང་མཐོ་རྒྱུགས་སྒྲིག་འཛུགས་དང་། རྒྱུགས་བཅོས། སློབ་བསྡུ་སོགས་ལྷུ་ཚིགས་ཚང་མའི་ནང་ཐོན་པའི་སྒྲིག་འགལ་རིགས་མཐའ་དག་ལ་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་པ་རེད།
བརྡ་ཐོའི་ནང་ཡིག་རྒྱུགས་ཀྱི་བདེ་འཇགས་དང་གསང་སྲུང་ལམ་ལུགས་འཛུགས་སྐྱོང་དང་འབྲེལ་ཡོད་བྱ་ཐབས་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁུག་གསེང་མ་ལུས་པའི་འགན་ལེན་གྱིས་ཡིག་རྒྱུགས་ནང་དོན་ཕྱིར་གྱུར་བ་དང་། རྒྱུགས་ཤོག་བརླག་པ། རྐུ་འཁྱེར་སོགས་ཀྱི་དོན་རྐྱེན་ངན་པ་མི་ཐོན་པ་བྱེད་དགོས་པ་དང་། སློབ་བསྡུའི་ཡིག་རྒྱུགས་ཁྱབ་ཁོངས་ནང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱུར་བའི་གྱོ ད་གཞི་དང་། འགན་དབང་སྤྱད་དེ་ཉེ་ཕྱོགས་གཡོ་ཟོལ་གྱི་གྱོ ད་གཞི། གཞུང་ལས་པའི་འགན་འཛོལ་གྱོ ད་གཞི། མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་གྱོ ད་གཞི་གཞན་བཅས་ལ་ཞིབ་བཤེར་ནན་པོ་བྱེད་པ་དང་ལྷག་དོན་དུ་མི་གྲངས་ལྐོག་ཉར་དང་འཆར་གཞི་ལས་འགལ་བའི་སྐར་གཅོག་སློབ་བསྡུའི“མགོ་བདེ་དྲན་འཕྲུལ”རིགས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱེད་དགོས། གྱོ ད་གཞི་བརྟག་དཔྱད་ཐུབ་རྗེས་ཐད་ཀའི་འགན་འཁུར་བའི་འགན་འཁྲི་རྩད་གཅོད་ནན་པོ་བྱ་རྒྱུ། ཉེན་གསོག་དང་འབྲེལ་བ་ཡོད་རིགས་ཁྲིམས་འཛིན་ལས་ཁུངས་སུ་བསྐྱལ་ནས་ཐག་གཅོད་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
མཐོ་རྒྱུགས་བརྒྱུད་རིམ་ཧྲིལ་པོ་ཡོངས་བསྒྲགས་བྱ་ཆེད་བརྡ་ཐོའི་ནང་ཆ་འཕྲིན་ཡོངས་བསྒྲགས་ནན་ཏན་བྱས་ཏེ་གཙོ་གནད་ཐོག་སློབ་བསྡུའི་འཆར་གཞི་དང་། དམིགས་བསལ་རིགས་ཀྱི་སློབ་བསྡུའི་སྲིད་ཇུས། སྐར་སྣོན་སྲིད་ཇུས། བསྡུ་ལེན་ཆ་འཕྲིན་བཅས་ཡོངས་བསྒྲགས་བྱེད་ཚུལ་ལ་ཞིབ་བཤེར་བྱེད་དགོས། མཐོ་སློབ་ཁག་གིས་མི་གྲངས་ཉར་འཇོག་འཆར་གཞི་དང་སྤྱོད་ཚུལ་ཡོང་བསྒྲགས་བྱེད་དགོས། ཁག་རེ་རེ་བསྡུ་རིམ་བཞིན་ས་ཁུལ་ཁག་དང་མཐོ་སློབ་ཁག་གིས་བསྡུ་ལེན་མི་གྲངས་དང་བསྡུ་ལེན་གྱི་སྐར་གྲགས་ཀྱི་ཚད་གཞི་ཡོངས་བསྒྲགས་བྱེད་དགོས། ལྟ་སྐུལ་ཐེར་འདོན་ཁ་པར་བཙུགས་ནས་དུས་ཐོག་ཏུ་མང་ཚོགས་ཀྱི་ཞུ་གཏུག་དང་ཐེར་འདོན་དང་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།