ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་ཚབས་ཆེན་ཁག325ཞིབ་བཤེར་ཐག་གཅོད་བྱས།
ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-06-04
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་དམངས་ཞིབ་དཔྱོད་ཁང་གི་མྱུལ་ཞིབ་ལྟ་སྐུལ་ཐིང་དང་ཞུ་གཏུགས་ཐིང་གིས་ཉིན་ཤས་གོང་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས་བདེ་འཇགས་ཀྱི་ཚད་གཞི་དང་མི་མཐུན་པའམ་དུག་རྒྱུ་དང་གནོད་བྱེད་ཡོད་པའི་བཟའ་རིགས་དང་། དེ་བཞིན་སྨན་ཆས་དང་ཞིང་ལས་རྒྱུ་ཆ་རྫུན་མ་དང་སྤུས་ཞན་བཟོ་བ་དང་འགྲེམ་ཚོང་བྱེད་པའི་ཉེས་གསོག་བྱེད་སྒོར་རྡུ་རྡེག་ནན་པོ་གཏོང་དགོས་པ་དང་། པེ་ཅིན་གྱི་རུས་མིང་ལ་ལིའུ་ཞེས་པ་སོགས་ཀྱིས་ཨ་རག་རྫུན་མ་བཟོས་པའི་གྱོད་གཞི་དང་ཧོ་པེའི་པའོ་ཏིང་གི་རུས་མིང་ལ་ཅིང་ཞེས་པ་སོགས་ཀྱིས་གཅིན་མངར་རྒྱུ་གྱི་སྨན་ཡིའི་ཏའོ་སུས་ཞེས་པ་རྫུན་མ་བཟོས་པའི་གྱོད་གཞི་སོགས་ཟས་རིགས་བདེ་འཇགས་ཉེས་གསོག་གྱོད་གཞི248དང་སྨན་ཆས་དང་ཞིང་ལས་རྒྱུ་ཆ་རྫུན་མ་དང་སྤུས་ཞན་གྱི་གྱོད་གཞི་ཁག77ལ་ལྟ་སྐུལ་དང་ཐག་གཅོད་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།
ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་བདེ་འཇགས་ཀྱི་ཚད་གཞི་དང་མི་མཐུན་པའམ་དུག་རྒྱུ་དང་གནོད་བྱེད་ཡོད་པའི་བཟའ་རིགས་དང་། དེ་བཞིན་སྨན་ཆས་དང་ཞིང་ལས་རྒྱུ་ཆ་སྤུས་ཞན་དང་རྫུན་མ་་བཟོ་བ་སོགས་ཀྱི་ཉེས་གསོག་བྱེད་སྒོས་སྤྱི་ཚོགས་ལ་གནོད་འཚེ་ཚབས་ཆེན་བཟོ་བ་དང་། མི་དམངས་མང་ཚོགས་ཀྱི་བསམ་འཆར་དྲག་པོ་ཡོད་པས་ངེས་པར་དུ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་རྒྱུའི་རྩ་དོན་ལ་གཞིགས་ཐོག འཇུ་བཟུང་དང་ཞུ་གཏུགས་བྱ་རྒྱུའི་ཆ་རྐྱེན་ཚང་མཁན་འཕྲལ་ཐག་ཆོད་པོ་དང་དུས་ཐོག་ལ་འཇུ་བཟུང་དང་ཞུ་གཏུགས་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
བརྡ་ཐོའི་ནང་། སྲིད་འཛིན་ཁྲིམས་འཛིན་ལས་ཁུངས་ཀྱིས་དོགས་ཡོད་ཀྱི་ཉེས་གསོག་གྱོད་གཞི་ཁྲིམས་ཐག་གཅོད་རྒྱུར་བརྩི་སྤྲོད་བྱེད་དགོས་ངེས་ཡིན་རུང་བརྩིས་སྤྲོད་བྱས་མེད་པ་ཤེས་རྟོག་བྱུང་ཚེ། ཁྲིམས་ལྟར་ཁྲིམས་ཐག་གཅོད་རྒྱུར་སྐྱེལ་རྒྱུར་སྐུལ་མ་གཏོང་དགོས་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་གྱོད་དོན་ཐོ་འགོད་བྱེད་དགོས་རུང་ཐོ་འགོད་མ་བྱས་པ་ཤེས་རྟོག་བྱུང་ཚེ། ཁྲིམས་ལྟར་ལྟ་སྐུལ་ཐོ་འགོད་བྱེད་དགོས་པ། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་འཇུ་བཟུང་བྱ་རྒྱུའི་རེ་ཞུ་དང་ཞུ་གཏུགས་བྱ་རྒྱུར་བརྩི་སྤྲོད་བྱེད་དགོས་ངེས་ཡིན་རུང་རེ་ཞུ་བྱས་མེད་པ་དང་བརྩི་སྤྲོད་བྱས་མེད་ཚེ་ཁྲིམས་ལྟར་རྗེས་འདེད་འཇུ་བཟུང་དང་རྗེས་འདེད་ཞུ་གཏུགས་བྱེད་དགོས་པ། ཟས་རིགས་དང་སྨན་རྫས། ཞིང་ལས་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་གི་འགན་འཛོལ་དང་འགན་འཁྲི་ལྷོད་གཡེང་བཏང་བ། གོ་གནས་ཀྱི་ཉེས་གསོག་དོགས་པ་ཡོད་པ་བཅས་ཤེས་རྟོག་བྱུང་ཚེ། མྱུལ་ཞིབ་སྡེ་ཁག་ལ་ཞིབ་བཤེར་ཐག་གཅོད་བྱེད་རྒྱུར་བརྩི་སྤྲོད་བྱས་ནས་ཉེས་གསོག་ཀྱི་རིགས་དེ་ཚོར་རྡུང་རྡེག་ནན་པོ་གཏོང་དགོས། སྡེ་ཁག་ཁག་བར་གྱི་ཆ་འཕྲིན་འབྲེལ་གཏུག་དང་ལས་དོན་མཐུན་སྦྱོར་ཐད་སྔར་བས་ཤུགས་སྣོན་རྒྱབ་ཏེ། ཁྲིམས་ལག་བསྟར་བྱེད་པའི་ཚད་གཞི་གཅིག་གྱུར་བཟོས་ནས་རྡུང་རྡེག་གི་ཤུགས་ཚད་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བ་བཏོན་ཡོད་པ་རེད། །