བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2013-05-21
ནུབ་བྱང་མི་རིགས་སློབ་ཆེན་གྱིས་སྐབས་གཉིས་པའི་བོད་ཀྱི་རིག་གནས་དུས་ཆེན་གྱི་མཛད་སྒོ་བསྡུས་པ།
གངས་ཀྱི་རོལ་དབྱངས་ཞེས་པའི་སྙན་ངག་གྱེར་འདོན་འགྲན་སྡུར་སྤེལ་བཞིན་པ།
ཉེ་ཆར་ནུབ་བྱང་མི་རིགས་སློབ་ཆེན་གྱིས་སློབ་རའི་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ་དང་མི་རིགས་ཀྱི་རིག་གནས་དར་སྤེལ་བྱེད་པར་དགོངས་ནས་སྐབས་གཉིས་པའི་བོད་ཀྱི་རིག་གནས་དུས་ཆེན་གྱི་མཛད་སྒོ་བསྡུས་ཤིང་། ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་གླིང་གཙོ་གཞོན་པ་རྟ་མགྲིན་ཚེ་རིང་ལགས་དང་། དགེ་རྒན་ཆེན་མོ་དགེ་འདུན་བསམ་གཏན་ལགས། དགེ་རྒན་ཆེན་མོ་གཞོན་པ་དཔལ་རྩེ་ལགས་སོགས་འགོ་རྩོམ་མཛད་སྒོའི་སྟེང་ཞུགས་པ་རེད།
འགོ་རྩོམ་མཛད་སྒོ་མཇུག་རྫོགས་རྗེས། སྐབས་བཅུ་བའི་གངས་ཀྱི་རོལ་དབྱངས་ཞེས་པའི་སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་སྤེལ་ཞིང་། འགྲན་ཞུགས་སློབ་མ་རྣམས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་མི་ཚེའི་གནས་ལུགས་སོགས་ཀྱི་ཐད་ནས་སོ་སོའི་ལྟ་བ་ལྷུག་པོར་བརྗོད་པ་རེད། དུས་ཚོད་གཉིས་ཀྱི་རིང་ལ་འགྲན་བསྡུར་བྱས་མཐར་སློབ་གྲོགས་གཅོད་པ་མཚོ་ལགས་ལ་བྱ་དགའ་ཨང་དང་པོ་དང་། ཡོན་ཏན་དང་དཀར་དབང་རྒྱལ་གཉིས་ལ་བྱ་དགའ་ཨང་གཉིས་པ། ཕུར་བ་སྐྱབས་དང་པདྨ་རྒྱལ། བསོད་ནམས་ཆོས་དར་སོགས་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།
ཐེངས་འདིའི་བྱ་འགུལ་ནི་ནུབ་བྱང་མི་རིགས་སློབ་ཆེན་གྱི་གླིང་གཅིག་ལ་དུས་ཆེན་གཅིག་དང་ཁྱད་ཆོས་གཅིག་ཅེས་པའི་བྱ་འགུལ་འཛུགས་སྐྲུན་གྱི་ལས་གཞི་ཞིག་ཡིན་ཞིང་། སློབ་གྲྭའི་ཐཱོན་ཨུ་དང་། བོད་ཀྱི་སྐད་ཡིག་དང་རིག་གནས་སློབ་གླིང་གིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན། བྱ་འགུལ་གྱི་སྤྱིའི་འཆར་བཀོད་ལྟར་ན་རྗེས་མའི་ཟླ་གཅིག་ནང་དུ་བོད་རིགས་མིན་པའི་སློབ་ཆེན་པའི་བོད་ཀྱི་ཁ་སྐད་ཁ་བརྡ་འགྲན་སྡུར་དང་མི་རིགས་རིག་གནས་རིག་གཞུང་སྙན་ཞུ་གྲོས་ཚོགས་སོགས་ཀྱི་བྱ་འགུལ་རབས་དང་རིམ་པ་སྤེལ་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10