བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་ལ་འཕེལ་རྒྱས་ཀྱི་ལམ་བུ་རྒྱ་ཆེར་གཏོད་པ།

བོད་ལྗོངས་འཕྲིན་དྲ།        2013-04-22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལོ་མང་རིང་རྒྱལ་ཁབ་དང་བོད་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ། བོད་ལུགས་གསོ་རིག་བྱ་གཞག་གོང་འཕེལ་གཏོང་རྒྱུ་དེ་སྨན་བཅོས་འཕྲོད་བསྟེན་ལས་ཀའི་འཐབ་ཇུས་ཀྱི་གཙོ་གནད་གྲས་ལ་བརྩིས་ཏེ། བོད་ལུགས་གསོ་རིག་བྱ་གཞག་གོང་འཕེལ་ལ་ཤུགས་སྣོན་དང་སྐུལ་འདེད་གཏོང་རྒྱུའི་གལ་ཆེའི་ཡིག་ཆ་རབ་དང་རིམ་པ་བཏོན་ཡོད་པ་དང་། རིམ་ཁག་འཕྲོད་བསྟེན་སྲིད་འཛིན་ཚན་པ་དང་བོད་ལུགས་གསོ་རིག་ཚན་པས། བོད་ལུགས་གསོ་རིག་ཀྱི་ཆེད་ལས་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུན་ཆད་་མེད་པ་བརྒྱབ་པ། ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་བཅས་བྱས་པས། མི་རིགས་ཀྱི་སྲོལ་རྒྱུན་གསོ་རིག་ཡིན་པའི་བོད་ལུགས་གསོ་རིག་འདི་ཉིད་སྲུང་སྐྱོབ་དང་རྒྱུན་འཛིན། འཕེལ་རྒྱས་བཅས་གང་ལེགས་བྱུང་བ་རེད།

ཉེ་དུས། གསར་འགོད་པ་ནག་ཆུ་ས་ཁུལ་སོག་རྫོང་སློབ་འབྲིང་དུ་བཅར་འདྲི་བྱེད་པར་བསྐྱོད་སྐབས། བོད་ལུགས་གསོ་རིག་སློབ་སྦྱོང་བྱེད་མཁན་སློབ་མ55བོད་ལུགས་གསོ་རིག་གི་གཞུང་ཆེན་སྨན་གཞུང་བརྒྱུད་བཞི་སྦྱོང་བཞིན་ཡོད་པ་དང་། ཁོང་ཚོ་ནི་སོག་རྫོང་གི་སྤྱི་ལོ2012ལོའི་སློབ་ཡོན་མི་དགོས་པར་གཉེར་བའི་བོད་ལུགས་གསོ་རིག་འཛིན་གྲྭ་བཙུགས་རྗེས་བསྡུས་པའི་ཁག་དང་པོའི་སློབ་མ་ཡིན་པ་དང་། ལོ3ལ་སློབ་སྦྱོང་བྱས་རྗེས་འབྲིང་རིམ་ཆེད་ལས་ཀྱི་ལག་ཁྱེར་སྤྲོད་རྒྱུ་དང་གཙོ་བོ་གྲོང་གསེབ་ཀྱི་སྨན་པ་བྱེད་རྒྱུ་རེད།

བོད་ལྗོངས་བོད་ལུགས་གསོ་རིག་དང་བོད་སྨན་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་པ་སངས་ཀྱིས། རང་ལྗོངས་ཀྱིས་དུས་རབས20པའི་ལོ་རབས90ནས་བཟུང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིགས་གཅིག་མཁས་ཅན་པའི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་རྣམ་གྲངས་སྤེལ་འགོ་བཙུགས་པ་དང་། དེའི་དམིགས་ཡུལ་ནི་ལོ་གསུམ་རིང་ནད་ཐོག་ལག་ལེན་བརྒྱུད་རྒྱུན་འཛིན་པས་བོད་ལུགས་གསོ་རིག་རིགས་གཅིག་མཁས་ཅན་གྱི་རིག་གཞུང་བསམ་བློ་དང་ནད་ཐོག་ཉམས་མྱོང་། ལག་རྩལ་བཅས་ཁོང་དུ་ཆུད་པ་དང་རྒྱུན་འཛིན་བྱེད་རྒྱུ་མ་ཟད། གསར་གཏོད་གང་ཙམ་ཡོང་བ་བྱེད་རྒྱུ་རེད་ཅེས་གསུངས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལུགས་གསོ་རིག་དང་བོད་སྨན་གྱི་རྒྱུན་འཛིན་སློབ་གསོའི་ལས་དོན་སྤེལ་བ་ཕུད། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་ལ་རོགས་སྐྱོར་དང་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུའི་སྐོར་གྱི། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བསམ་འཆར་ཞེས་པ་བཏོན་ཡོད་པ་དང་། གཞན་ཡང་རང་ལྗོངས་ཀྱིས་ད་དུང་རྒྱལ་ཡོངས་སུ་བོད་ལུགས་གསོ་རིག་སློབ་གླིང་འཕེལ་རྒྱས་བཏང་ནས། རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་ལ་རིགས་ཁག་གི་ཤེས་ལྡན་པ3000ལྷག་གསོ་སྐྱོང་བྱས་པ་མ་ཟད། བོད་ལུགས་གསོ་རིག་རྒྱུན་འཛིན་གྱི་ནད་ཐོག་གསོ་རིག་ཆེད་ལས་ཀྱི་ཤེས་རམ་པ་དང་མཁས་རམ་པ་གསོ་སྐྱོང་བྱས་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་གྱི་ལུའུ་ཧྲན་རྫོང་ལ་ཚད་རིམ7གྱི་ས་འགུལ་བྱུང་བ་དང་ཞི་ཅིན་ཕེན་གྱིས་མཛུབ་སྟོན་གལ་ཆེན་གནང
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་ཡ་ཨན་ས་ཡོམ་ཐད་ཆུ་ཚོད24ཡི་མི་སྐྱོབ་པའི་དུས་ཚོད་ཡག་ཤོས་དམ་འཛིན་བྱེད་དགོས་ཞེས་གསུངས་པ།
  • དོ་སྣང་ཆེ་བའི་རྩོམ།