མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-04-22
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པེ་ཅིན་གྱི་དུས་ཚོད་སྤྱི་ཟླ4བའི་ཚེས20ཡི་ཉིན་གྱི་དུས་ཚོད8དང་སྐར2ཀྱི་སྟེང་། སི་ཁྲོན་ཞིང་ཆེན་གཡང་རྔ་རྫོང་ལུའུ་ཧྲན་རྫོང་དུ་ཚད་རིམ7གྱི་ས་འགུལ་བྱུང་། ས་འགུལ་བྱུང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོང་ཆེན་ཚད་མཐོན་པོ་གནང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གནས་ཚུལ་དེ་ཤེས་རྗེས། འཕྲལ་དུ་མཛུབ་སྟོན་གལ་ཆེན་གནང་སྟེ། གནོད་འཚེ་ཐེབས་པའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དམ་འཛིན་དང་། ཚེ་སྲོག་སྐྱོབ་པ་ལས་འགན་གཙོ་བོར་བརྩི་བ་དང་། ཐབས་བརྒྱ་ཇུས་སྟོང་གིས་གནོད་ཐེབས་མང་ཚོགས་མྱུར་སྐྱོབ་བྱེད་པ་དང་། ཚན་རིག་ལྟར་སྲོག་སྐྱོབ་པར་བརྟེན་ནས། ཤི་རྨས་ཐེབས་ཚད་ཇེ་ཉུང་དུ་གཏོང་ཅི་ཐུབ་བྱེད་པའི་དུས་མཚུངས་སུ། ས་འགུལ་བརྟག་དཔྱད་བྱེད་པར་ཤུགས་བསྣན་ནས། གནོད་འཚེ་ཡང་བསྐྱར་འབྱུང་བར་ངེས་པ་དོན་གྱིས་འགོག་སྲུང་བྱེད་པ་དང་། གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱ་བ་བཟང་པོར་བསྒྲུབ་སྟེ། གནོད་ཐེབས་ས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་བྱེད་དགོས་པའི་ཐུགས་རེ་བཏོན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྱང་མཛུབ་སྟོན་གནང་། ཏང་ཀྲུང་དབྱང་དང་ཞི་ཅིན་ཕེན་གྱི་མངག་བཅོལ་ལྟར། ལིས་ཁི་ཆང་སྤྱི་ཟླ4བའི་ཚེས20ཡི་ཉིན་གྱི་ཕྱི་དྲོར་གནོད་ཐེབས་ས་ཁུལ་ལ་འབྱོར་ཏེ་ས་འགུལ་གནོད་སེལ་བྱ་བར་མཛུབ་སྟོན་གནང་།
ཞི་ཅིན་ཕེན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་གིས་འཕྲལ་དུ་གྲོས་ཚོགས་བསྡུས་ཏེ་བྱ་བར་བཀོད་སྒྲིག་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་འགུལ་གནོད་སེལ་རྒུད་སྐྱོབ་ཀྱི་རིམ་པ་དང་པོའི་བྱ་བ་དང་ལེན་བྱེད་རྒྱུ་ཐག་བཅད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་དམང་དཔུང་། དྲག་ཆས་ཉེན་རྟོག་དམག་དཔུང་གི་འབྲེལ་ཡོད་ཕྱོགས་མྱུར་དུ་གནོད་ཐེབས་ས་ཁུལ་ལ་ཕྱིན་ནས་ས་འགུལ་གནོད་སེལ་རྒུད་སྐྱོབ་བྱ་བར་རྩ་འཛུགས་བྱས། སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྩ་འཛུགས་བྱས་པའི་བྱ་བའི་ཚན་ཁག་ས་འགུལ་བྱུང་སར་འབྱོར་ཏེ། ས་འགུལ་གནོད་སེལ་རྒུད་སྐྱོབ་ཀྱི་བྱ་བ་སྣ་ཚོགས་བྲེལ་འཚུབ་ངང་སྒྲུབ་ཀྱིན་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10