ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཚོགས་ཁྲོམ་རའི་བཀོལ་ཡིག་ཁྲོད་བོད་ཡིག་བཀོལ་ཚུལ་ལ་ཞིབ་བཤེར་བྱས་པ།
བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2013-03-15
ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཚོགས་ཁྲོམ་རའི་བཀོལ་ཡིག་གི་འབྲེལ་ཡོད་ཁྲིམས་བསྟར་མི་སྣ་རྩ་འཛུགས་བྱས་ཏེ་གྲོང་ཁུལ་གྱི་ཁེ་ལས་ལས་དོན་ལས་ཁུངས་དང་། ཚོང་ཁང་། ཟ་ཁང་སོགས་ཀྱི་སྒོ་བྱང་དང་ལམ་བྱང་། བརྡ་ཁྱབ་འགེལ་བྱང་སོགས་ཀྱི་སྟེང་བོད་ཡིག་བཀོལ་སྤྱོད་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་ནན་མོ་བྱས་ཤིང་། བོད་ཡིག་བཀོད་མེད་པའམ་ཡང་ན་ཚད་ལྡན་མ་ཡིན་པའི་རིགས་ལ《དག་ཐེར་བྱེད་དུ་འཇུག་པའི་བརྡ་སྦྱོར》བཏང་ནས་འབྲེལ་ཡོད་ལས་ཁུངས་ཀྱིས《བོད་ལྗོངས་ཀྱིས་བོད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད། གོང་སྤེལ་སྐོར་གྱི་སྲོལ་ཡིག》ལྟར་དག་ཐེར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཁྲིམས་བསྟར་མི་སྣས་ཀརྨ་དགོན་གསར་དང་གྲྭ་བཞི་སོགས་ཀྱི་སྲང་ལམ32དང་སྡོད་ཁུལ10ཡི་བོད་ཡིག་བཀོལ་སྤྱོད་བྱས་པའི་འགེལ་བྱང1210ལ་ཞིབ་བཤེར་བྱས་ཤིང་། དེའི་ཁྲོད་བོད་ཡིག་བཀོལ་སྤྱོད་མ་བྱས་པ་དུད་ཚང235དང་བོད་ཡིག་བཀོལ་སྤྱོད་བྱས་པ་ཚད་ལྡན་མ་ཡིན་པའམ་ཡང་ན་ཡིག་ནོར་ཡོད་པའི་དུད་ཚང372འདུག་པས། དེར་དག་ཐེར་བྱེད་དུ་བཅུག་པ་རེད།