འཐུས་མི་བློ་བཟང་བསྟན་པས་བོད་ལྗོངས་སྔར་ལས་མཛེས་སྡུག་དང་སྐྱེས་ཁམས་འབྱོར་ཕྱུག་ཅན་དུ་བསྒྱུར་དགོས་ཞེས་བརྗོད་པ།

    ཀྲུང་གོའི་བོད་ལྗོངས་དྲ་བ།    2013-03-11

འཐུས་མི་བློ་བཟང་བསྟན་པས་བོད་ལྗོངས་སྔར་ལས་མཛེས་སྡུག་དང་སྐྱེས་ཁམས་འབྱོར་ཕྱུག་ཅན་དུ་བསྒྱུར་དགོས་ཞེས་བརྗ

   མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བློ་བཟང་བསྟན་པས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ། ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཚོགས་ཀྱི་ཧྲུའུ་ཅི་གཞོན་པའམ། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བློ་བཟང་བསྟན་པས་བཤད་རྒྱུར། “རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་འདེམས་ཐུབ་པ་ཡིས་ང་རང་གཟི་བརྗིད་དང་ཡིད་འགུལ་ཆེན་པོ་སྐྱེས་བཞིན་ཡོད། ང་ཚོ་བོད་ལྗོངས་ནས་ཕེབས་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དག་གིས་བོད་ལྗོངས་ཀྱི་མི་རིགས་མི་འདྲ་བའི་མང་ཚོགས་ཁྲི300ལྷག་གི་འཐུས་ཚབ་བྱས་ཡོད་པས། གནས་ཚུལ་དེ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག་ཏུ་མི་རིགས་མི་འདྲ་བ་ཁག་སོ་སོས་འདྲ་མཉམ་ངང་རང་ས་རང་བདག་དང་རྒྱལ་ཁབ་ཀྱི་སྲིད་དོན་ཆེན་མོ་ཁག་ཏུ་ཞུགས་པའི་དབང་ཆ་ལྡན་པ་མཚོན། མི་རིགས56ཆ་ཚང་འདྲ་མཉམ་ཡིན་པ་དང་། ཆ་ཚང་ལ་འདྲ་མཉམ་ངང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་འདེམས་པའི་དབང་ཆ་དང་འོས་འགན་ཡོད་པས། དེ་ནི་མི་རིགས་ཀྱི་གཟི་བརྗིད་དང་འགན་འཁྲི་ཞིག་ཡིན།”ཞེས་བརྗོད།
  གསར་འགོད་པས་བློ་བཟང་བསྟན་འཛིན་ལ་བཅར་འདྲི་གནང་སྐབས། བོད་རིགས་འཐུས་མི་དེ་ཡིས་ཏང་དང་སྲིད་གཞུང་ལ་བརྩེ་བ་དང་བཀའ་དྲིན་ནམ་དག་ཞིག་བཅངས་ཡོད་པ་ཚོར་ཐུབ། ཁོང་གིས་ཡང་། “ང་རང་ནི་བོད་ལྗོངས་ཀྱི་ཞིང་བྲན་སྤྱི་ཚོགས་སྐབས་ནས་ཡོང་བའི་མི་ཞིག་ཡིན་པས། བོད་ལྗོངས་བཅིངས་གྲོལ་དང་བཅོས་བསྒྱུར་སྒོ་འབྱེད། དཔལ་འབྱོར་མགྱོགས་མྱུར་གོང་འཕེལ་སོགས་ཀྱི་དུས་སྐབས་བརྒྱུད་མྱོང་བས། མེས་རྒྱལ་དང་བོད་ལྗོངས་འཕེལ་རྒྱས་གནས་ཚུལ་མིག་མཐོང་བྱུང་བའི་སྐལ་བ་ལྡན་ཡོད།”ཅེས་བཤད། འདས་པའི་ལོ་ཟླ་ཕྱིར་དྲན་བྱེད་པའི་སྐབས་སུ་ཁོང་གིས་ཡིད་འགུལ་ཆེན་པོས་ངང་། “ང་རང་ནི་འབྲོག་ཁྱིམ་དུ་སྐྱེས་པའི་བྱིས་པ་ཞིག་ཡིན་ལ། ཏང་གིས་ང་རང་གསོ་སྐྱོང་བྱས་ཏེ་ནང་ལོག་ས་ཁུལ་དུ་ཤེས་བྱ་རིག་གནས་སློབ་སྦྱོང་བྱེད་པར་མངག ཏང་གིས་གསོ་སྐྱོང་གནང་བས་ང་རང་ལ་ད་ལྟའི་ཉི་མ་འདི་ལྡན་པ་ཡིན་པས་བདེ་སྐྱིད་དང་བཀའ་དྲིན་ཆེན་པོ་སྐྱེས་བཞིན་ཡོད།”ཅེས་བཤད།
  སྲིད་ཁྲིམས་ལས་དོན་དུ་ཞུགས་པའི་ལོ་ངོ24རིང་དུ། མི་དམངས་འཐུས་ཚོགས་རྒྱུན་ཨུ་ཀྲུའུ་ཞི་ཡི་འགན་བཞེས་ནས་ལོ་བཞི་ཡིན་ནའང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་འདེམས་པ་ནི་ཐོག་དང་པོ་ཡིན་ཟེར། མ་འོངས་པའི་ལོ་ལྔའི་རིང་གི་ལས་དོན་འཆར་གཞི་གླེང་བའི་སྐབས་སུ་བློ་བཟང་བསྟན་པས་བཤད་རྒྱུར། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་བཅའ་ཐུབ་པ་ནི་ང་རང་གི་མི་ཚེ་འདིའི་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་ཡིན་ལ། འགན་འཁྲིའང་ཆེན་པོ་ལྡན་པས་རང་ཉིད་ཀྱིས་ཅི་ཐུབ་དུ་བོད་ལྗོངས་མང་ཚོགས་ཀྱི་སེམས་འདུན་ཇི་བཞིན་དུ་བརྗོད་འདོད་ཡོད། ལོ་འདི་དག་གི་རིང་དུ་བོད་ལྗོངས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བའི་འགྱུར་ལྡོག་བྱུང་ཡོད་ལ། འགྱུར་ལྡོག་དེ་ནི་ཏང་གི་སྣེ་ཁྲིད་དང་སྤྱི་ཚོགས་རང་ལུགས་ཀྱི་བགྲོད་ལམ་དུ་སྐྱོད་པའི་ད་གཟོད་འགྲུབ་ཐུབ་པ་བྱུང་བ་ཡིན།
  ད་ལོའི་ཚོགས་ཆེན་གཉིས་ཀྱི་སྟེང་དུ་བློ་བཟང་བསྟན་པས་བསམ་འཆར་གཉིས་བཏོན་ཡོད། “མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་གནའ་མཁར་བསྒྱུར་བཟོ་བྱེད་བཞིན་ཡོད་པས། རྒྱལ་ཁབ་ཀྱིས་དེའི་ཐད་ལ་ལག་རྩལ་དང་མ་དངུལ་རྒྱབ་སྐྱོར་ཆེན་པོ་གནང་སྟེ་མཛེས་སྡུག་ལྡན་པའི་ལྷ་སའི་གནའ་མཁར་གྱི་སྔོན་མའི་རྣམ་པ་ཇི་བཞིན་སོར་འཇོག་བྱེད་ཐུབ་པའི་རེ་བ་ཡོད”ཅེས་བཤད། བསམ་འཆར་གཞན་པ་དེ་ནི་སྐྱེས་ཁམས་བོད་ལྗོངས་འཛུགས་སྐྲུན་བྱེད་པ་དེ་རེད། བློ་བཟང་བསྟན་འཛིན་གྱིས་བཤད་རྒྱུར། “བོད་ལྗོངས་སུ་ཕྱིན་པའི་མི་མང་པོ་ཞིག་གིས་བོད་ལྗོངས་ཧ་ཅང་མཛེས་སྡུག་ལྡན་ཞེས་བརྗོད་མོད། འོན་ཀྱང་བོད་ལྗོངས་ལའང་མི་མཛེས་པའི་གནས་མང་པོ་ཡོད། དཔེར་ན་ལྷ་སའི་ལྷོ་བྱང་རི་བོའི་སྟེང་དུ་རྩི་ཤིང་མེད་པས་བོད་ལྗོངས་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ང་ཚོས་སྐྱེས་ཁམས་བོད་ལྗོངས་འཛུགས་སྐྲུན་བྱེད་པར་རྒྱལ་ཁབ་ཀྱིས་ལག་རྩལ་དང་མ་དངུལ་མཁོ་འདོན་བྱས་ཏེ། རི་བོའི་སྟེང་དུ་ཤིང་སྡོང་མང་པོ་བཙུགས་ནས་བོད་ལྗོངས་སྔར་ལས་མཛེས་སྡུག་ལྡན་པར་གཏོང་ཐུབ་པའི་རེ་བ་བཏོན།”ཞེས་བཤད།

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱི་བུད་མེད་ཚོས“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུ་བ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས12པའི་ཚོགས་འདུ་ཐེངས་དང་པོའི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་པ
  • དོ་སྣང་ཆེ་བའི་རྩོམ།