ཀྲུང་གོའི་བོད་ལྗོངས་དྲ་བ། 2013-03-08
དུས་རབས་སྔོན་མའི་ལོ་རབས90བའི་སྐབས་སུ་རླངས་འཁོར་དུ་བསྡད་ནས་ཉིང་ཁྲི་ལ་འགྲོ་བར་ཉིན2དགོས་པ།
2001ལོར་གྲོང་ཤར་འགྲུལ་སྐྱེལ་འབབ་ཚུགས་ཚུགས་པའི་སྐབས་སུ། ཧོང་ཝེ་འགྲུལ་སྐྱེལ་འབབ་ཚུགས་དེར་བྱ་བ་སྒྲུབ་པར་བཀོད་སྒྲིག་བྱས་ཤིང་། ལོ་ངོ་བཅུ་གྲངས་ལྷག་མགྱོགས་པོར་སོང་ཚར་རྗེས་ཁོང་ནི་གྲོང་ཤར་འགྲུལ་སྐྱེལ་འབབ་ཚུགས་ཀྱི་སྤྱི་གཉེར་བར་གྱུར་འདུག་ལ། ཧོང་ཝེ་ལགས་ཀྱིས་མཚམས་སྦྱོར་གནང་རྒྱུར། ཁོང་གིས་མི་ཚེའི་དུས་ཚོད་མང་ཤོས་འགྲིམ་འགྲུལ་དང་འབྲེལ་བའི་ལས་གནས་སུ་ཕུལ་བ་དང་། འགྲིམ་འགྲུལ་དང་ཁོང་གི་བར་ལ་ལས་ཀྱི་འབྲེལ་བ་ཁྱད་པར་བ་ཞིག་ཡོད་པར་བརྗོད་ལ། 1996ལོའི་སྔོན་ལ་ཉིང་ཁྲི་ནས་ལྷ་སའི་བར་གྱི་ལམ་ནི་རྡོ་ལམ་ཡིན་པ་དང་། དེ་དུས་ལྷ་ས་ནས་ཉིང་ཁྲིའི་བར་དུ་ལམ་ཐག་རིང་བོར་འགྲོ་བའི་རླངས་འཁོར་བཞི་ལྔ་ཙམ་ལས་མེད་པ་རེད། སྐབས་དེར་ལྷ་ས་གྲོང་ཁྱེར་གྱི་སྤྱིའི་སྤྱི་སྤྱོད་རླངས་འཁོར་ཀུང་སིས་གཟའ་འཁོར་རེར་ལྷ་ས་ནས་ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་དུ་འགྲོ་བའི་ལམ་ཐག་རིང་བོའི་རླངས་འཁོར་གཅིག་ལས་མི་གཏོང་ལ། རླངས་འཁོར་སྨན་གླིང་རྫོང་དུ་སླེབས་པར་ཉུང་མཐར་ཡང་དུས་ཡུན་ཉིན2དགོས་པ་རེད། ལམ་བར་ནས་ཀོང་པོ་རྒྱ་མདའ་རྫོང་དུ་སླེབས་དུས་རླངས་འཁོར་གྱི་ཁ་ལོ་བ་དང་འགྲུལ་བ་རྣམས་ཀྱིས་ཞག་བཞུགས་བྱས་ཏེ་ངལ་གསོ་བྱེད་དགོས་པ་རེད་ཟེར།
“དེ་དུས་ལྷ་ས་ནས་ཉིང་ཁྲི་ལ་འགྲོ་བའི་འགྲུལ་བ་ཤིན་ཏུ་ཉུང་བ་དང་། དེའི་ཁར་ལམ་ནི་རྡོ་ལམ་ཡིན་ཞིང་ཅུང་བགྲོད་དཀའ་བས་འགྲུལ་སྐྱེལ་རླངས་འཁོར་ཡང་ཉུང་བ་རེད།” ཧོང་ཝེ་ལགས་ཀྱིས་བཤད་རྒྱུར། སྔོན་ཆད་ལམ་ཐག་རིང་བོར་འགྲོ་བའི་རླངས་འཁོར་གྱི་ཁ་ལོ་བའམ་ཉིང་ཁྲི་ས་ཁུལ་དུ་བྱ་བ་བསྒྲུབས་མྱོང་པའི་མི་གང་མང་ཞིག་ལ་མཚོན་ན། ལམ་རྙིང་པ་འདིར་བག་ཆགས་ཧ་ཅང་གཏིང་ཟབ་མོ་ཡོད་པ་རེད་ཟེར།
2000ལོར་འགྲུལ་སྐྱེལ་རླངས་འཁོར་དུ་བསྡད་ན་ཆུ་ཚོད8ལས་མི་དགོས་པ།
ལྷ་ས་ནས་ཉིང་ཁྲིའི་པཱ་ཡི་གྲོང་རྡལ་དུ་ལམ་ཐག་བསྡོམས་པས་སྤྱི་ལེ400ཡོད་ཅིང་། ལམ་བར་དུ་ད་དུང་མཚོ་ངོས་མཐོ་ཚད་སྨི5020ཡོད་པའི་མོན་ལ་བརྒྱུད་དགོས་ལ། 1996ལོར་བོད་ལྗོངས་ཀྱི“ལོ་ལྔ་ཚན་དགུའི”ལས་གཞི་གལ་ཆེན་ཡིན་པའི་ཆ་ནས་འགྲིམ་འགྲུལ་པུའུ་ཡིས་མ་དངུལ་སྒོར་དུང་ཕྱུར4.5བཏང་སྟེ། གཞུང་ལམ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ཞིང་། ལམ་སྐྲུན་མཁན་གྱི་རུ་མི་སྟོང་གྲངས་ལྷག་གིས་ལོ5ཡི་རིང་ལ་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་ནས། ལྷ་ས་ནས་ཉིང་ཁྲིའི་བར་གྱི་གཞུང་ལམ་ཚང་མ་རྒྱ་ཆེ་ཞིང་ཁོད་སྙོམས་པའི་སྣུམ་ལམ་དུ་བསྒྱུར་བ་དང་། 200ལོའི་སྤྱི་ཟླ12པར། དྲག་ཆས་ཉེན་རྟོག་དམག་དཔུང་འགྲིམ་འགྲུལ་རུ་ཁག་གཉིས་པས་འཛུགས་སྐྲུན་གྱི་འགན་ཁུར་བའི་ཀོང་པོའི་རྒྱ་མདའ་ནས་མོན་ལའི་བར་གྱི་ལམ་ཐག་སྤྱི་ལེ30ལ་སྣུམ་ལམ་བཏིང་ནས་རླངས་འཁོར་ཤར་གཏོང་བྱས་ལ། དེས“ནུབ་རྒྱུད་ཀྱི་བགྲོད་དཀའ་བའི་ལམ”སྟེ་ཁྲོན་བོད་ལམ་ཐིག་ལས་ལྷ་ས་ནས་ཉིང་ཁྲི་ས་ཁུལ་བར་གྱི་ལམ་ཐག་སྤྱི་ལེ400ལྷག་གི་ལམ་ངོས་ཚང་མ་སྣུམ་ལམ་དུ་བསྒྱུར་བ་རེད།
2001ལོར་ཧོང་ཝེ་ལགས་གྲོང་ཤར་འགྲུལ་སྐྱེལ་འབབ་ཚུགས་སུ་བཀོད་སྒྲིག་བྱས་པ་ནས་བཟུང་། ཁོང་གིས་ནམ་ཡང་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལམ་གྱི་འགྱུར་ལྡོག་ལ་དོ་སྣང་མཛད་ཅིང་། “ཉིང་ཁྲི་ནས་ལྷ་སའི་བར་གྱི་གཞུང་ལམ་བསྐྲུན་ཚར་རྗེས། གཞུང་ལམ་སྐྱེལ་འདྲེན་ལ་ཞུགས་པའི་འགྲུལ་སྐྱེལ་རླངས་འཁོར་ཡང་ཇེ་མང་དུ་གྱུར་ཞིང་། སྔོན་ཆད་ཀྱི་རླངས་འཁོར་བཞི་ལྔ་ཙམ་ནས་རླངས་འཁོར་བཅུ་གྲངས་ཁ་ཤས་སུ་འཕར་ཡོད་པ་དང་། ཉིང་ཁྲི་ནས་ལྷ་སར་འགྲོ་བའི་མི་ཡང་ཇེ་མང་ནས་ཇེ་མང་དུ་འགྱུར་བཞིན་འདུག” ཧོང་ཝེ་ལགས་ཀྱིས་བཤད་རྒྱུར། ཉིང་ཁྲི་ནས་ལྷ་སའི་བར་གྱི་གཞུང་ལམ་བསྐྲུན་ཚར་རྗེས། སྔོན་ཆད་རླངས་འཁོར་སོང་ཚེ་ཉིན2དགོས་པའི་ལམ་ཐག་ལ་ད་ལྟ་ཆུ་ཚོད8ཡས་མས་ལས་མི་དགོས་པ་རེད་ཟེར།
“2004ལོར་སླེབས་རྗེས། ཉིང་ཁྲི་ནས་ལྷ་སའི་བར་གྱི་འགྲུལ་སྐྱེལ་རླངས་འཁོར་སྔོན་ཆད་ཀྱི་བཅུ་གྲངས་ཙམ་ནས་ད་ལྟའི་ཁ་གྲངས131ལ་འཕར་སྣོན་བྱུང་ཞིང་། ལམ་ཐིག་འདིའི་འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་གྲངས་ཚད་ལོན་ཟིན་པས། ད་ལྟ་ལམ་ཐིག་འདིར་འགྲོ་བའི་འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་གྲངས་ལ་འགྱུར་བ་མེད།” ཧོང་ཝེ་ལགས་ཀྱིས་བཤད་རྒྱུར། ཉིང་ཁྲི་ནས་ལྷ་སའི་བར་གྱི་ལམ་ཧྲིལ་བོ་སྣུམ་ལམ་ཡིན་ཞིང་། ལོ་རེའི་སྤྱི་ཟླ2པ་ནས་སྤྱི་ཟླ3པའི་བར་དུ་ཁ་བ་ཆེན་པོ་བབས་ནས་མཚོ་ངོས་མཐོ་ཚད་སྨི5020ཡོད་པའི་མོན་ལའི་ལམ་དུ་སྐབས་རེར་ཁ་བ་གསོག་སྲིད་པ་ལས་གཞན། ལམ་ཁག་གཞན་རྣམས་ཚང་མར་ཐོག་བཀག་གང་ཡང་མེད་པ་རེད་ཟེར།
མ་འོངས་པར་མྱུར་བགྲོད་ཅན་དུ་སྒྱུར་བཟོ་བྱེད་པའི་ལས་གཞིའི་འགོ་རྩོམ་རྒྱུ་ཡིན་པ།
ཉིང་ཁྲི་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། རྒྱལ་ཁབ་གཞུང་ལམ318ལམ་ཐིག་གི་ད་ཡོད་གཞུང་ལམ་གྱི་ཚད་རིམ་དང་ལག་རྩལ་གནས་ཚུལ་གྱིས་དངོས་ཡོད་ཀྱི་དགོས་མཁོ་སྐོང་མི་ཐུབ་ཅིང་། ཉིང་ཁྲི་ས་ཁུལ་འཕེལ་རྒྱས་འགྲོ་བར་ཚད་བཀག་ཆེན་པོ་བཟོས་ཡོད་པ་རེད། ཚུལ་དེར་གཞིགས་ནས་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གིས“ལོ་ལྔ་ཚན་བཅུ་གཉིས”ཀྱི་དུས་སྐབས་སུ་ལྷ་ས་ནས་ཉིང་ཁྲི་ས་ཁུལ་བར་གྱི་གཞུང་ལམ་ལ་ཁྱོན་ཡོངས་ནས་ལེགས་བཅོས་བྱས་ཏེ། ལམ་ཞིང་ཆེ་རུ་སྐྱེད་པ་དང་ལམ་གྱི་ཚད་རིམ་ཇེ་མཐོར་བཏང་ནས། ཉིང་ཁྲི་ནས་ལྷ་སའི་བར་དུ་དུས་ཡུན་ཆུ་ཚོད4ལས་མི་དགོས་པར་བཟོས་པ་རེད།
ཉེ་ཆར་རྒྱལ་ཁབ་གཞུང་ལམ319ལམ་ཐིག་ལས་ཉིང་ཁྲི་ནས་ལྷ་སའི་བར་གྱི་ལམ་རྙིང་པ་མྱུར་བགྲོད་ཅན་དུ་བཟོ་བཅོས་གཏོང་པའི་ལས་གཞི་སྒྲུབ་ཇེ་མགྱོགས་སུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཉིང་ཁྲི་ནས་ལྷ་སའི་བར་གྱི་ལམ་རྙིང་པ་མྱུར་བགྲོད་ཅན་དུ་སྒྱུར་བའི་ལས་གཞིའི་རྣམ་གྲངས་སྐུལ་སྤེལ་སྣེ་ཁྲིད་ཚོ་ཆུང་གིས་སྣེ་སྣེ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས་དང་པོ་བསྡུས་ཤིང་། རྣམ་གྲངས་དེའི་འཆར་འགོད་བྱ་བའི་འགན་ཁུར་མི་སྣས་རྣམ་གྲངས་ཀྱི་དུས་སྐབས་སྔོན་མའི་བྱ་བ་སྙན་ཞུ་མཛད་པ་དང་། ཚོགས་འདུའི་ཐོག་རྣམ་གྲངས་ཀྱི་དུས་སྐབས་སྔོན་མའི་བྱ་བའི་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་གནང་ཞིང་། རིམ་པ་རྗེས་མའི་བྱ་བ་རྣམས་བཀོད་སྒྲིག་དང་གཏན་འཁེལ་མཛད་པ་རེད།
ཚོགས་ཐོག་ཏུ་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གི་ཐིང་ཀྲང་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་བསྟན་དོན། ཉིང་ཁྲི་ནས་ལྷ་སའི་བར་གྱི་ལམ་རྙིང་པ་མྱུར་བགྲོད་ཅན་གྱི་གཞུང་ལམ་དུ་སྒྱུར་བའི་ལས་གཞི་ལ། 2015ལོའི་སྤྱི་ཟླ7པའི་སྔོན་དུ་ལྷ་ས་ནས་མལ་གྲོ་གུང་དཀར་རྫོང་དང་། པཱ་ཡི་ནས་འབའ་ཆུ་ཟམ་པའི་བར་གྱི་བསྡོམས་པས་ལམ་ཐག་སྤྱི་ལེ160བསྐྲུན་ཚར་བར་བྱེད་པ་དང་། 2017ལོའི་སྔོན་དུ་ལམ་ཐིག་ཧྲིལ་བོ་བསྐྲུན་ཚར་བར་བྱེད་པའི་རྣམ་གྲངས་འཛུགས་སྐྲུན་གྱི་དམིགས་འབེན་འགྲུབ་པར་ཁག་ཐེག་བྱ་དགོས་པར་བསྟན་པ་མ་ཟད། གཞན་ད་དུང་ཚོང་ལས་གྲོས་མོལ་བྱ་བའི་སྒྲིག་སྲོལ་བཟང་བོ་འཛུགས་དགོས་པའི་བླངས་བྱ་བཏོན་ལ། རིམ་པ་དང་ལས་ཀའི་ངོ་བོ་མི་འདྲ་བ་ལྟར་དུ་བྱ་བའི་ཚོ་ཆུང་དྲུག་བཙུགས་ནས། འགན་ཁུར་བགོས་ནས་སོ་སོའི་ལས་འགན་གསལ་བོ་བྱེད་པ་དང་། དམིགས་ཡུལ་གསལ་བོ་ཡོད་པའི་སྒོ་ནས་ཚོ་ཆུང་སོ་སོས་བྱ་བ་ལེགས་པར་སྒྲུབ་པ། རྣམ་གྲངས་ཀྱི་གཟའ་འཁོར་རེའི་སྙན་ཞུ་དང་ཉིན་བཅུ་རེའི་ཚད་ལེན། ཟླ་རེའི་གཟིགས་ཞིབ་ལམ་ལུགས་བཙུགས་ནས། བྱ་བའི་གནད་འགག་ལ་སྔོན་དུ་ཇུས་འགོད་བྱེད་པ་དང་གཅིག་བསྡུས་ཐོག་འཆར་འགོད་བྱེད་པ། བརྗེ་རེས་ཀྱིས་ཞིབ་བཤེར་བྱེད་པ། “བདག་པོ་ཟུང་ལྡན”གྱི་རྣམ་པ་ལག་བསྟར་བྱེད་དགོས་ཤིང་། འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་འཛུགས་སྐྲུན་ལག་བསྟར་གྱི་འགན་ཁུར་བ་དང་། ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་ས་ཁུལ་གྱིས་ས་ཁུལ་རང་གི་ནང་ཁུལ་གྱི་དོན་དག་གྲོས་ཞིབ་བྱེད་པ་དང་ས་གནས་བརྗེ་སྤོར། ངལ་རྩོལ་ལས་དོན་རྩ་འཛུགས་སོགས་ཀྱི་བྱ་བའི་འགན་ཁུར་དགོས་ལ། ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་ས་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡིས་རང་གི་བདག་སྐྱོང་ས་ཁུལ་གྱི་བྱ་བའི་མཐུད་འཇུག་དང་བྱེ་བྲག་པའི་སྙོམས་སྒྲིག་བྱ་བ་བསྒྲུབ་དགོས་པར་བསྟན་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10