མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-02-26
སྤྱི་ཟླ2པའི་ཚེས24ཉིན། ཀྲུའུ་ཞི་ཧུའུ་ཅིན་ཐའོ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་དམིགས་གསལ་འཐུས་ཚབ། རྒྱལ་སྲིད་ཨུ་ཡོན་ལིག་ཡན་ཏུང་གིས་ཧན་གོའི་རྒྱལ་ས་ཧྲིག་ཨར་ནས་ཧན་གོ་རྒྱལ་ཁབ་ཀྱི་ཙུང་ཐུང་ལིས་མེན་པོ་ལ་ཐུག་འཕྲད་བྱས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུའུ་ཞི་ཧུའུ་ཅིན་ཐའོ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་དམིགས་གསལ་འཐུས་ཚབ། རྒྱལ་སྲིད་ཨུ་ཡོན་ལིག་ཡན་ཏུང་གིས་སྤྱི་ཟླ2པའི་ཚེས24ཡི་ཉིན་ཧན་གོའི་རྒྱལ་ས་ཧྲིག་ཨར་ནས་ཧན་གོ་རྒྱལ་ཁབ་ཀྱི་ཙུང་ཐུང་ལིས་མེན་པོ་ལ་ཐུག་འཕྲད་བྱས།
ལིག་ཡན་ཏུང་གིས་ཐོག་མར་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡི་ངག་འཕྲིན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་ཙུང་ལི་ཝུན་ཅ་པའོ་གཉིས་ཀྱི་ཁམས་འདྲི་བརྒྱུད་བསྒྲགས་བྱས། ལིག་ཡན་ཏུང་གིས་ཀྲུང་གོ་ཕྱོགས་ཀྱིས་ལིས་མེན་པོ་ཡིས་འགན་བཞེས་པའི་སྐབས་སུ་ཀྲུང་གོ་དང་ཧན་གོའི་ཁྱབ་ཁོངས་ཁག་གི་བརྗེ་རེས་དང་མཉམ་ལས། འཕེལ་རྒྱས་བཅས་ཀྱི་ཐད་ལ་བྱས་རྗེས་གལ་ཆེན་བཞག་པར་གདེང་འཇོག་མཐོན་པོ་བྱས་པ་ཡིན་ལ། ལིས་མེན་པོ་ཡིས་ཙུང་ཐུང་གི་འགན་འཁུར་མཚམས་བཞག་རྗེས་ཀྲུང་གོ་དང་ཧན་གོའི་འབྲེལ་བར་མུ་མཐུད་དུ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཟེར།
ལིག་ཡན་ཏུང་གིས་བཤད་རྒྱུར། འདས་པའི་ལོ་ལྔའི་རིང་ལ། རྒྱལ་ཁབ་གཉིས་ཀས་སྲིད་འབྱོར་རིག་གསུམ་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་འབྲེལ་འདྲིས་ཟབ་མོ་དང་མཐུན་སྦྱོར་སྲུང་འཛིན་བྱས་པས། ཀྲུང་གོའི་ཕྱོགས་དེ་ལ་དགའ་སྤྲོ་སྐྱེས་པ་དང་ཡིད་ཚིམས་ཡོད་ལ། ཀྲུང་གོ་དང་ཧན་གོ་བར་གྱི་ཁྱིམ་མཚེས་མཛའ་མཐུན་དང་དངོས་གཉེར་མཉམ་ལས་དེ་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཐུན་མོང་གི་མོས་འདུན་དང་འཚམ་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་ལྷན་དུ་རྒྱལ་ཁབ་གཉིས་ཀའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ཆེ་ཕྱོགས་ལ་སྲུང་སྐྱོབ་དང་། ཕྱོགས་གཉིས་ཀའི་འབྲེལ་བ་དེ་རྒྱུན་ཆད་མེད་པར་རིམ་པ་གསར་བ་ཞིག་ཏུ་བསླེབ་པར་ཡར་སྐུལ་བྱས་ཏེ། མཉམ་དུ་ཞི་བདེ་བརྟན་འཇགས་དང་། འདྲ་མཉམ་དང་ཕན་ཚུན་ཡིད་ཆེས་པ། མཉམ་ལས་མཉམ་རྒྱལ་བཅས་ཀྱི་ས་ཁུལ་ཁོར་ཡུག་ཅིག་བསྐྲུན་འདོད་པ་ཡིན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10