བོད་ལྗོངས་ཀྱིས2013ལོའི་པར་སྐྲུན་འཆར་འགོད་བརྗོད་གཞི་འདེམ་པའི་དཔྱད་འབེབས་ཚོགས་འདུ་བསྡུས།
ལྷ་མོ་ཚེ་སྐྱིད། 2013-01-09
ཉེ་ལམ། བོད་རང་སྐྱོང་ལྗོངས་ཏང་ཨུ་དྲིལ་སྒྲོག་པུའུ་དང་། བོད་རང་སྐྱོང་ལྗོངས་གསར་འགྱུར་པར་སྐྲུན་ཁང་གིས2013ལོའི་པར་སྐྲུན་འཆར་འགོད་བརྗོད་གཞི་འདེམ་པའི་དཔྱད་འབེབས་ཚོགས་འདུ་་ལྷ་ས་རུ་བསྡུས།
ཚོགས་ཐོག་ཏུ། ཚོགས་ཞུགས་པ་རྣམས་ཀྱིས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་། བོད་ལྗོངས་གནའ་དཔེ་པར་སྐྲུན་ཁང་། བོད་ལྗོངས་སྒྲ་བརྙན་པར་སྐྲུན་ཁང་སོགས་འབྲེལ་ཡོད་སྡེ་ཁག་གི2013ལོའི་པར་སྐྲུན་བརྗོད་གཞི་འདེམ་པའི་འཆར་འགོད་གནས་ཚུལ་ལ་གསན་པ་དང་། 2013ལོའི་བོད་རང་སྐྱོང་ལྗོངས་ཀྱི་དཔེ་མཛོད་དང་སྒྲ་བརྙན་པར་སྐྲུན་བརྗོད་གཞི་འདེམ་པའི་ནང་དོན་དང་། པར་སྐྲུན་རིན་ཐང་། སྤྱི་ཚོགས་ཀྱི་ཕན་ཁེ། ཚོང་རའི་དགོས་མཁོ་སོགས་ཀྱི་ཐད་ནས་དཔྱོད་གླེང་ཞིབ་བཤེར་གནང་།
རྒྱུས་ལོན་བྱུང་བ་ལྟར་ན། 2013ལོར། བོད་རང་སྐྱོང་ལྗོངས་ཀྱི་དཔེ་མཛོད་དང་སྒྲ་བརྙན་པར་སྐྲུན་ལས་ཁུངས་ཀྱིས་སྡོམ་པས་པར་སྐྲུན་འཆར་འགོད་ཀྱི་བརྗོད་གཞི་སྣ775ལྷག་གཏན་འཁེལ་བྱས་ཤིང་། དེ་ལས་དཔེ་མཛོད་བརྗོད་གཞིའི་རིགས694དང་། སྒྲ་བརྙན་བརྗོད་གཞིའི་རིགས81ཡོད་ལ། པར་སྐྲུན་གྱི་སྣ་ཁ་དང་གྲངས་ཚད་མང་ནས་མང་དུ་ཕྱིན་གྱི་ཡོད།
དཔྱོད་གླེང་ཞིབ་བཤེར་བྱས་པར་བརྒྱུད། ཚོགས་ཞུགས་པ་ཚོས་གཅིག་མཐུན་གྱིས2013ལོའི་པར་སྐྲུན་འཆར་འགོད་ཀྱི་བརྗོད་གཞི་འདེམ་པའི་ཁ་ཕྱོགས་གསལ་ཞིང་བརྗོད་དོན་འབུར་དུ་ཐོན་པ་དང་། ཁྱད་ཆོས་ཕུན་སུམ་ཚོགས་པ། བསྡུར་ཚད་དོ་མཉམ་ལ། བསམ་བློའི་རིན་ཐང་དང་རིག་གཞུང་གི་རིན་ཐང་། སྒྱུ་རྩལ་གྱི་རིན་ཐང་བཅས་ཆེས་ཆེར་ལྡན་པར་འདོད།