《 རྨ་ཆུའི་ཁུགས་སོར་ཕྲ་རུ་བཏབ་པའི་འབའ་རྫོང》 ཞེས་པའི་དཔེ་དེབ་པར་སྐྲུན་འགྲེམ་སྤེལ་གནང་བ།
རྩོམ་པ་པོ་རྡོ་སྦིས་རྡོ་རྗེ་ལགས་ནས་སྒྲིག་རྩོམ་གནང་བའི་དཔེ་དེབ 《 རྨ་ཆུའི་ཁུགས་སོར་ཕྲ་རུ་བཏབ་པའི་འབའ་རྫོང》 (བོད་ཆའང་དབྱིས་རིགས་ཀྱི་རིག་གནས་དཔེ་ཚོགས)ཞེས་པ་མིག་སྔར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་གནང་། དེབ་དེར་རིག་གནས་ས་ཁམས་ཀྱི་རྟགས་མཚན་དང་། ས་བབ་ཡུལ་ཁམས་ཀྱི་དོན་སྤྱི། རྨ་ཆུའི་རྨི་ལམ་གྱི་འཚོལ་སྙེག མིའི་རིགས་རིག་གནས་ཀྱི་ཞབས་རྗེས། ངོ་མཚར་ལྷ་སྒྲུང་གི་ཁམས་མྱུལ། སྨྱུག་རྩེའི་དྭངས་བསིལ་གྱི་འབའ་རྫོང་བཅས་ལེའུ་དྲུག་གི་བདག་ཉིད་ཅན་ཞིག་ཡིན།
རྩོམ་པ་པོས་རིག་གནས་མིའི་རིགས་རིག་པའི་མཐོང་ལམ་ནས་འབའ་ཡི་ཡུལ་ཁམས་ལ་ཡུལ་དངོས་བརྟག་དཔྱད་བྱས་ཏེ། ཁོར་ཡུག་དང་སྐྱེ་ཁམས། མི་ཚུལ། རི་ཆུའི་རིག་གནས། གེ་སར་སྒྲུང་། དཔེ་རྙིང་ལྷག་འཕྲོ། ཆོས་ལུགས་རིག་གནས། ལོ་རྒྱུས་རྣམ་ཐར། རང་བྱུང་ས་ཁམས། དམངས་སྲོལ་དང་ངག་བརྒྱུད་རིག་གནས། ངག་རྒྱུན་རྗེས་ཤུལ། རྨ་ཆུའི་རིག་གནས། གནའ་བོའི་ཡུལ་སྡེ་དང་ཚོ་བའི་རིག་གནས། ལག་ཤེས་བཟོ་ལས། བཟོ་བཀོད་སྒྱུ་རྩལ། དངོས་པོའི་གཟུགས་འདས་ཤུལ་བཞག་རིག་གནས་སོགས་ཁྱོན་ཡོངས་ནས་ཡིག་རིས་གསར་རྩོམ་གནང་ཞིང་། ཡིག་ཕྲེང་རེ་རེ་ན་རྩོམ་པ་པོས་ཡུལ་གྲུ་འདིར་བཅངས་པའི་བཀའ་འདྲི་དང་འཚོག་སྙེག ཞིབ་བརྗོད་ཟབ་མོ་ཞིག་མངོན་པས། དཔེ་དེབ་འདི་ནི་རྩོམ་པ་པོས་ཡང་ཡུལ་ཁམས་འདིར་ཕུལ་བའི་རིག་གནས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ནོ། །