བློ་མཐུན་འུད་ཏུང་གི་བླ་ན་མེད་པའི་གུང་ཁྲན་ཏང་ཡོན་གྱི་སྤྱོད་བཟང་།

    བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།    2012-12-04

 འུད་ཏུང་ནི་མོན་པ་རིགས་ཀྱི་གུང་ཁྲན་ཏང་ཡོན་རྒན་གྲས་ཤིག་དང་། ལྷོ་ཁ་ས་ཁུལ་རྩིས་བཤེར་ཅུད་ཀྱི་དེ་སྔའི་ཅུད་ཀྲང་གཞོན་པ། བརྟག་ཞིབ་པ་བཅས་ཡིན་པ་རེད། སྤྱི་ལོ2011ལོའི་ཟླ་བ10པར་རྒན་ཡོལ་ཞུས་མ་ཐག་པའི་འུད་ཏུང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་ལྷོ་ཁ་ས་ཨུད་ཀྱི་འབུད་སྐུལ་བརྡ་ལེན་ཞུས་ཏེ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ནང་བཞུགས་ནས་མུ་མཐུད་རང་ནུས་འདོན་སྤེལ་གནང་བ་དང་། གྲོང་ཚོར་བཅའ་སྡོད་གནང་རིང་ཁོང་གིས་གུང་ཁྲན་ཏང་ཡོན་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ཏེ་བླ་ན་མེད་པའི་ཀུན་སྤྱོད་མངོན་པ་གནང་ཡོད་པ་རེད།

    སྤྱི་ལོ2011ལོའི་ཟླ་བ10པར་ལྗོངས་ཡོངས་སུ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་གྲབས་ཡོད་པ་མཁྱེན་རྗེས་ལྷོ་ས་ས་ཁུལ་རྩིས་བཤེར་ཅུད་ནས་རྒན་ཡོལ་ཞུས་མ་ཐག་པའི་འུད་ཏུང་གིས་རང་འགུལ་ངང་ཅུད་ཏང་ཨུད་ལ་གྲོང་ཚོར་བཅའ་སྡོད་བྱེད་རྒྱུའི་ཞུ་ཡིག་ཕུལ་བར་དབུ་ཁྲིད་ཀྱིས་མོས་མཐུན་གནང་བ་རེད། སྐབས་དེ་དུས་ཁོང་དགུང་ལོ་བགྲེས་པ་དང་བཅའ་སྡོད་བྱེད་ཡུལ་གྲོང་ཚོའི་ས་འབབ་མཐོ་པོ་ཡོད་པའི་ཁར་བཟའ་ཟླར་སྙུན་གཞི་འཕོག་ཡོད་པས། ལྷ་སར་སློབ་ཆེན་འགྲིམ་བཞིན་ཡོད་པའི་བུ་རྒན་པ་པ་སངས་ཚེ་རིང་གིས་དེའི་ཐད་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

    པ་སངས་ཚེ་རིང་གིས་གསར་འགོད་པར་པ་ལགས་ཀྱིས་དུས་རྟག་ཏུ་ལས་ཁུངས་ཀྱི་ལས་ཀ་གཙོ་བོར་བཞག་གནང་གི་ཡོད། ད་རེས་གྲོང་ཚོར་བཅའ་སྡོད་བྱེད་པའི་ཐད་ཀྱང་རང་འགུལ་གྱིས་ཕེབས་འདོད་གནང་བ་རེད་ཅེས་བཤད་པ་རེད།

    འུས་ཏུང་གིས་རྒན་ཡོལ་ཞུས་ཀྱང་གྲོང་ཚོར་བཅའ་སྡོད་ཀྱིས་ལྷོ་ཁ་ས་ཁུལ་རྩིས་བཤེར་ཅུད་ཀྱི་རྒྱ་ཚྭ་རྫོང་འབའ་ཤང་གཉན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྱི་འགན་བཞེས་པ་རེད། གཉན་གྲོང་ཚོར་འབྱོར་མ་ཐག་གྲོང་ཚོ་དེའི་དུད་ཚང་རེ་རེ་བཞིན་གྱི་གནས་ཚུལ་མཐིལ་རྟོགས་དང་དེ་གའི་གནས་ཚུལ་དང་འཚམས་པའི་གོང་འཕེལ་ལམ་བུ་ཞིག་འཚོལ་ཞིབ་བྱ་ཆེད། འུད་ཏུང་གིས་རུ་མི་ཚོའི་སྣེ་ཁྲིད་དེ་གང་སར་བརྟག་ཞིབ་གནང་བར་སྐྱོད་ནས་དཔྱད་གཞི་ཨང་དང་པོ་ཁོངས་དུ་ཆུད་པ་གནང་བ་རེད། ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་པ་སངས་ཚེ་རིང་གིས་གྲོང་ཚོ་དེ་ཡོངས་ཀྱི་གཞི་རྩའི་གནས་ཚུལ་ཁོངས་དུ་ཆུད་པ་གནང་ཆེད་རུ་དཔོན་འུད་ཏུང་གིས་ཉིན་མོ་དུད་ཚང་ཁག་ཏུ་བརྟག་དཔྱད་གནང་བར་ཕེབས་པ་དང་མཚན་མོ་ཆུ་ཚོད་གསུམ་པ་བཞི་པ་ཙམ་ལ་ཡང་ཟིན་བྲིས་བསྐྱོན་ནས་བཞུགས་ཀྱི་ཡོད། བརྟག་དཔྱད་མཐིལ་རྟོགས་བརྒྱུད་ལས་དོན་རུ་ཁག་གིས་གྲོང་ཚོ་དེའི་དུད་ཚང་ཚང་མར་ཡིག་ཚགས་བཟོས་ཡོད་པ་རེད་ཅེས་གསུངས་པ་རེད།

    རུ་མི་ཚོས་སྐབས་དེ་དུས་ཀྱི་གནས་ཚུལ་ལ་དྲན་གསོ་བྱེད་སྐབས་རུ་དཔོན་འུད་ཏུང་སྐུ་ལས་ཁག་ཤོས་བྱུང་སོང་། ལས་འགན་བཀོད་སྒྲིག་གནང་རིམ་བཞིན་ཁོང་རང་ཉིད་རྟག་ཏུ་ཐག་རིང་ཤོས་ཀྱི་གྲོང་ཚོར་འཚམས་འདྲིར་ཕེབས་ཀྱི་ཡོད་པ་དང་ཐེངས་ཤིག་ཁོང་སྐུ་ལས་ཁག་ཐག་ཆོད་ནས་འགྱེལ་མྱོང་ཡོད་པ་རེད་ཅེས་བཤད་པ་རེད།

    སྙིང་སྟོབས་འདི་ལྟ་བུ་ཞིག་ལ་བརྟེན་ནས་འུད་ཏུང་གིས་ལས་དོན་རུ་མིའི་སྣེ་འཁྲིད་དེ་གཉན་གྲོང་ཚོ་དང་མང་ཚོགས་ཀྱི་དགོས་མཁོ་སྐོངས་གང་ཐུབ་གནང་གི་ཡོད་པ་རེད། ལོ་གཅིག་རིང་ལ་ལས་དོན་རུ་ཁག་གིས་གྲོང་ཚོའི་ནང་ཆུ་འཁོར་ཁང་བསྐྲུན་པ་དང་གྲོང་མིའི་སྣེ་འཁྲིད་དེ་མུའུ100ལྷག་ཙམ་གྱི་ས་སྟོང་གསར་སྦོལ་བྱས་པ། སྟར་གའི་སྡོང་ཕྲུག་རྐང15000ལྷག་ཙམ་འདེབས་འཛུགས་བྱས་པ། རིང་ཚད་ལ་སྤྱི་ཁྲེ500དང་ཞེང་ཚད་ལ་སྤྱི་ཁྲེ ༢ ཡོད་པའི་ཨར་འདམ་ལམ་བཟོས་པ་བཅས་བྱས་པ་རེད།

    ལོ་གཅིག་གི་གྲོང་ཚོར་བཅའ་སྡོད་མཇུག་སྒྲིལ་གྲབས་ཡོད་པའི་སྐབས་སུ་འུད་ཏུང་གི་ཐུགས་ལ་ད་དུང་གྲོང་ཚོའི་ནང་བསྒྲུབ་དགོས་པའི་ལས་ཀ་མང་པོ་ཡོད་པ་ཐུགས་ལ་བཅངས་ཡོད། ཅུད་ཏང་ཙུའུ་ཡི་ཧྲུའུ་ཅི་བཀྲ་ཤིས་ཀྱིས་ངས་འུད་ཏུང་ལ་ཁྱེད་རང་ཚུར་ལོག་ཕེབས་ཞེས་ཞུས་ཀྱང་ཁོང་གིས་གྲོང་ཚོའི་མང་ཚོགས་ཀྱི་ཆེད་དུ་ང་མུ་མཐུད་བྱ་བ་ཁ་ཤས་བསྒྲུབ་རྒྱུ་ཡོད་གསུངས་ཀྱི་འདུག་ཅེས་གསུངས་པ་རེད།

    འུད་ཏུང་གིས་གྲོང་ཚོར་གཟབ་སྐྱོད་ཀྱིས་གྲོང་མིའི་གནས་ཚུལ་ངོ་མ་ཤེས་རྟོགས་བྱ་ཆེད། ལོ་གཅིག་ནང་ཏང་ཡོན་ལས་བྱེད་པ་རྒན་གྲས་ཤིག་གི་ངོས་ནས་གཞི་རིམ་མང་ཚོགས་ཀྱི་ཆེད་དུ་སྐུ་ངལ་ཚད་མེད་བསྐྱོན་ཡོད་པ་དང་། གཉན་གྲོང་ཚོའི་མང་ཚོགས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་འཁྲིད་སྟོན་ཧུར་ཐག་གནང་ཡོད་པ་རེད།   །

  • ལེ་ཚན་སྔོན་མ།:ད་ལོའི་ཡར་ཀླུང་ཚོང་འདུས་དངོས་སུ་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་གཞི་རིམ་ནས་སྒྲོག་འགྲེལ་བྱེད་པར་བྲེལ་བཞིན་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།