ཕྱུག་ལོ། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས། 2012-11-15
འདི་ནི་འཐུས་མིས་ལག་པ་ཡར་བཀྱགས་ཏེ་བརྡས་ཐག་གཅོད་པའི་ཚུལ་རེད།
འདི་ནི་འཐུས་མིས་འདེམ་ཤོག་འཕེན་པའི་ཚུལ་རེད།
ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པས་སྐབས་གསར་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་པ་དང་། སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་གྲོས་ཆོད་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་རྗེས། ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཁའི་ངང་གྲོལ།
ཚོགས་ཆེན་གྱིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་པ་དང་། ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ཏེ་ཡོངས་འགྲུབ་བྱེད་པར་འབད་འཐབ་བྱེད་པ་དང་། རྒྱུན་ཆད་མེད་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་བ་བླངས་ཏེ། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ལ་སྔར་ལས་བདེ་སྐྱིད་མཛེས་སྡུག་གི་མ་འོངས་པ་མཉམ་དུ་བསྐྲུན་དགོས་པའི་འབོད་སྐུལ་བཏང་།
བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཚོགས་ཆེན་ལ་མགོ་འཛིན་མཛད།
ཧུའུ་ཅིན་ཐའོ་དང་ཅང་ཙེ་མེན། ཝུའུ་པང་གོ། ཝུན་ཅ་པའོ། ཅ་ཆིན་ལིན། ལིས་ཁྲང་ཁྲོན། ཞི་ཅིན་ཕེན། ལིས་ཁི་ཆཱང་། ཧི་གོ་ཆཱང་། ཀྲིག་ཡུང་ཁང་། ཝང་ཀང་། ཝང་ལི་ཆོན། ཝང་ཀྲའོ་གོ། ཝང་ཆི་ཧྲན། ཧོས་ལེང་ཡུས། ལིག་ཆི། ལིག་ཡོན་ཧྲན། ལིག་ཡན་ཏུང་། ལིས་ཡོན་ཁྲའོ། ཝང་ཡཱང་། ཀྲང་ཀའོ་ལིས། ཀྲང་ཏི་ཅང་། ཡོས་ཀྲིན་ཧྲིན། ཞུའུ་ཚའེ་ཧུག གོ་པོ་ཞུང་། ལིས་ཕིན། ཀྲུའུ་རོང་ཅི། ལིས་རོས་དཔན། སུང་ཕེན། ཝེ་ཅན་ཞིན། ལིས་ལན་ཆིན། ཙིན་ཆིན་ཧུང་། ཝུའུ་ཀོན་ཀྲིན། ལོ་ཀན། ཧྥན་ཁྲང་ལུང་། ཞུའུ་ཆི་ལེང་། ཧི་ཡུང་། ལིན་ཅི་ཧྭ། ཝང་ཧུའུ་ཉིན་བཅས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རྣམས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།
སྔ་དྲོའི་དུས་ཚོད་དགུའི་སྟེང་ཚོགས་འདུ་གྲོལ་བའི་མཛད་སྒོ་མགོ་བརྩམས།
ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི་དང་ཆེད་ཞུས་འཐུས་མི་སྟོང་གཉིས་དང་སུམ་བརྒྱ་ཉེར་ལྔ་ཡོད་པ་དང་། དངོས་སུ་འབྱོར་བའི་མི་སྟོང་གཉིས་དང་སུམ་བརྒྱ་དང་བདུན་ཡོད། དངོས་སུ་འབྱོར་བའི་འཐུས་མིའི་གྲངས་ཀ་འབྱོར་དགོས་པའི་འཐུས་མིའི་ཕྱེད་ཀ་ལས་བརྒལ་བས། ཚོགས་ཆེན་གྱི་འདེམ་བསྐོའི་བྱེད་ཐབས་ཀྱི་གཏན་ཁེལ་དང་མཐུན།
ཚོགས་འདུའི་སྟེང་ཐོག་མར་འདེམ་ཤོག་སྤྱི་ཁྱབ་ལྟ་སྐུལ་པ་གཉིས་དང་འདེམ་ཤོག་ལྟ་སྐུལ་པ་སོ་དྲུག་གི་མིང་ཐོ་ལ་གྲོས་འཆམ་བྱུང་།
འདེམ་ཤོག་སྤྱི་ཁྱབ་ལྟ་སྐུལ་པ་དང་འདེམ་ཤོག་ལྟ་སྐུལ་པའི་ལྟ་སྐུལ་འོག ཚོགས་འདུར་ཞུགས་པའི་འཐུས་མི་དང་ཆེད་ཞུས་འཐུས་མིས་མིང་མ་བཀོད་པར་འདེམ་ཤོག་འཕངས་ཏེ། ཨུ་ཡོན་ཉིས་བརྒྱ་དང་ལྔ་དང་། རྗེས་སྣོན་ཨུ་ཡོན་བརྒྱ་དང་དོན་གཅིག་གིས་གྲུབ་པའི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བདམས་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བརྒྱ་དང་སུམ་ཅུ་བདམས།
དུས་ཚོད་བཅུ་གཅིག་དང་སྐར་མ་ཉེར་བདུན་སྟེང་། ཧུའུ་ཅིན་ཐའོ་ཡིས་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་མཛད་པ་ན། ཚོགས་ར་ཡོངས་སུ་ཡུན་རིང་བོར་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།
དེའི་རྗེས་སུ། ཚོགས་ཆེན་སྟེང་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཚོགས་ཆེན་སྟེང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཕུལ་བའི་སྙན་ཞུ་ལ་ཆོག་མཆན་བཀོད། གྲོས་ཆོད་ལས་སྙན་ཞུའི་ནང་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ཏེ་ལེགས་འགྲུབ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མྱུར་དུ་སྤེལ་བའི་རླབས་ཆེན་དམིགས་འབེན་གསལ་བོར་བཀོད་དེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྔར་ལས་གོང་འཕེལ་དུ་གཏོང་བར་ཁ་ཕྱོགས་གསལ་བོ་བསྟན་ཡོད་ལ། དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་པ་དང་། ང་ཚོའི་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་བ་ལེན་པའི་ཆབ་སྲིད་བསྒྲགས་གཏམ་དང་འགུལ་སྐྱོད་རྩ་གནད་ཡིན་ཞིང་། མར་ཁེ་སི་རིང་ལུགས་ཀྱི་རྩ་གནད་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཡིན་ཞེས་བསྟན་ཡོད།
ཚོགས་ཆེན་ནས་བལྟས་ན། སྙན་ཞུའི་ནང་གསལ་སྟོན་བྱས་པའི་ཚོགས་ཆེན་གྱི་བརྗོད་གཞི་ནི་ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་སྔར་སྲོལ་རྒྱུན་འཛིན་དང་མ་འོངས་གསར་གཏོད། སྤོབས་པ་ཆེན་པོས་མདུན་སྐྱོད་བཅས་བྱེད་པར་དོན་སྙིང་གལ་ཆེན་ལྡན་པས། ཏང་ཡོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་པ་དང་། ཏིན་ཞའོ་ཕེན་གྱི་རིགས་གཞུང་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་ཞིང་། བསམ་བློ་བཅིངས་འགྲོལ་དང་བཅོས་སྒྱུར་སྒོ་འབྱེད། སྟོབས་ཤུགས་གཅིག་སྒྲིལ། དཀའ་ངལ་ཁྱད་སེལ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་མདུན་དུ་བསྐྱོད་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ཏེ་ཡོངས་འགྲུབ་བྱེད་པར་འབད་འཐབ་བྱེད་དགོས་པར་སྙམ།
ཚོགས་ཆེན་ནས་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བྱ་བར་གདེང་འཇོག་མཐོན་པོ་བྱས། ཚོགས་ཆེན་ནས་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་ཚུན་གྱི་ལོ་བཅུའི་འབད་འཐབ་བརྒྱུད་རིམ་གྱི་གཞི་རྩའི་སྤྱི་བསྡོམས་ལ་འཐད་པ་བྱུང་། ཚོགས་ཆེན་ནས་ནན་གྱིས་བསྟན་དོན། ལོ་བཅུའི་འབད་འཐབ་བརྒྱུད་རིམ་ལ་སྤྱི་བསྡོམས་བྱས་ཚེ། ཆེས་གལ་ཆེ་བ་ནི་ང་ཚོས་ལག་ལེན་གྱི་རྨང་གཞིའི་སྟེང་གི་རིགས་གཞུང་གསར་སྐྲུན་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བར་དམིགས་ནས་ཕན་ཚུན་དམ་དུ་འབྲེལ་ཞིང་ཕན་ཚུན་དམ་དུ་འདྲེས་པའི་བསམ་བློ་གསར་བ་དང་ལྟ་བ་གསར་བ། རིགས་ལམ་གསར་བ་རབ་དང་རིམ་པ་བཏོན་ནས། ཚན་རིག་གི་འཕེལ་རྒྱས་ལྟ་བ་ཆགས་པར་བྱས་པ་དང་ལག་བསྟར་བྱས་པ་དེ་ཡིན། ཚན་རིག་གི་འཕེལ་རྒྱས་ལྟ་བ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིགས་གཞུང་མ་ལག་གི་གྲུབ་འབྲས་ཆེས་གསར་བ་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཐུན་མོང་བློ་གྲོས་ཀྱི་ཉིང་བཅུད་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་བ་ཡོངས་ལ་མཛུབ་སྟོན་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ཅན་ཡིན། ཚན་རིག་གི་འཕེལ་རྒྱས་ལྟ་བ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕེན་གྱི་རིགས་གཞུང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་བཅས་དང་མཉམ་དུ། ཏང་གིས་ངེས་པར་དུ་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པའི་མཛུབ་སྟོན་བསམ་བློ་ཡིན།
ཚོགས་ཆེན་ནས་བསྟན་དོན། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་བ་ལེན་ན། གཤམ་གྱི་གཞི་རྩའི་རེ་བ་འདི་དག་དོན་འཁྱོལ་ཡོང་བར་བྱ་དགོས་ཏེ། ངེས་པར་དུ་མི་དམངས་ཀྱི་གཙོ་གཞིའི་གོ་གནས་རྒྱུན་འཁྱོངས་བྱ་དགོས། ངེས་པར་དུ་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱ་དགོས། ངེས་པར་དུ་བཅོས་སྒྱུར་སྒོ་འབྱེད་སྤེལ་རྒྱུ་རྒྱུན་འཁྱོངས་བྱ་དགོས། ངེས་པར་དུ་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱེད་རྒྱུ་རྒྱུན་འཁྱོངས་བྱ་དགོས། ངེས་པར་དུ་ཐུན་མོང་འབྱོར་ཕྱུག་གི་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱ་དགོས། ངེས་པར་དུ་སྤྱི་ཚོགས་འཆམ་མཐུན་ལ་ཡར་སྐུལ་གཏོང་རྒྱུ་རྒྱུན་འཁྱོངས་བྱ་དགོས། ངེས་པར་དུ་ཞི་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱ་དགོས། ངེས་པར་དུ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱ་དགོས།
ཚོགས་ཆེན་ནས་བལྟས་ན། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་གཞིར་བཟུང་ཚེ། ཚོགས་ཆེན་བཅུ་དྲུག་པ་དང་བཅུ་བདུན་པས་གཏན་ལ་ཕབ་པའི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གྱི་རྨང་གཞིའི་སྟེང་རེ་བ་གསར་བ་ཧུར་ཐག་གིས་མངོན་འགྱུར་བྱ་དགོས་ཏེ། དཔལ་འབྱོར་རྒྱུན་བསྲིང་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བ་དང་། མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ། རིག་གནས་མཉེན་ཤུགས་མངོན་གསལ་གྱིས་ཇེ་ཆེར་གཏོང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ། ཐོན་ཁུངས་གྲོན་ཆུང་ཅན་དང་ཁོར་ཡུག་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་ནས་གྲུབ་འབྲས་གལ་ཆེན་ལེན་དགོས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ཏེ་ལེགས་འགྲུབ་བྱ་ན། ངེས་པར་དུ་ཆབ་སྲིད་ཀྱི་སྤོབས་སེམས་དང་བློ་གྲོས་སྔར་ལས་ཆེན་པོས་གོ་སྐབས་མི་འཆོར་བར་ཁྱབ་ཁོངས་གལ་ཆེན་ནས་བཅོས་སྒྱུར་ཟབ་མོ་བྱེད་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་བཀག་འགོག་བྱེད་པའི་བསམ་བློའི་འདུ་ཤེས་དང་ལམ་ལུགས་སྒྲིག་སྲོལ་གྱི་བར་ཆད་ཡོངས་སུ་སེལ་ཞིང་། མ་ལག་ཆ་ཚང་བ་དང་ཚན་རིག་དང་མཐུན་ཞིང་ཚད་ལྡན་ཡིན་ལ། འཁོར་སྐྱོད་ནུས་ལྡན་ཡིན་པའི་ལམ་ལུགས་མ་ལག་བཙུགས་ཏེ། ཕྱོགས་སོ་སོའི་ལམ་ལུགས་སྔར་ལས་ཆ་ཚང་དང་སྔར་ལས་ཚད་ལྡན་དུ་གཏོང་དགོས།
ཚོགས་ཆེན་ནས་སྙན་ཞུའི་ནང་གི་རང་རྒྱལ་སྤྱི་ཚོགས་རིང་ལུགས་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཐད་ཀྱི་བཀོད་སྒྲིག་ལ་འཐད་པ་བྱུང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན་བཅས་ཀྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་སྦྲེལ་ནས། མཛེས་སྡུག་གི་ཀྲུང་གོ་ཧུར་ཐག་གིས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་གཏན་མཐུད་འཕེལ་རྒྱས་མངོན་འགྱུར་བྱ་དགོས་ཞེས་ནན་གྱིས་བསྟན། ཚོགས་ཆེན་ནས་ངེས་པར་དུ་རྒྱལ་ཁབ་ཀྱི་སྲོག་ཤིང་བདེ་འཇགས་དགོས་མཁོ་ཁ་ཕྱོགས་སུ་བཟུང་སྟེ། རང་རྒྱལ་གྱི་རྒྱལ་སྤྱིའི་གོ་གནས་ལ་འཚམ་ཞིང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཁེ་ཕན་ལ་མཐུན་པའི་སྲ་བརྟན་གྱི་རྒྱལ་སྲུང་དང་སྟོབས་ལྡན་གྱི་དམག་དཔུང་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།
ཚོགས་ཆེན་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་། ཞང་ཀང་པས་ཞང་ཀང་སྐྱོང་བ། ཨོ་མིན་པས་ཨོ་མིན་སྐྱོང་བ། ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ཆ་ཚང་ཞིང་ཡང་དག་པར་ལག་བསྟར་བྱས་ཏེ། རྒྱལ་ཁབ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་ལམ་ལུགས་གཉིས་ཀྱི་ཁྱད་པར་ལ་བརྩི་བཀུར་བྱེད་པ། ཀྲུང་དབྱང་གི་དབང་ཤུགས་ལ་སྲུང་སྐྱོབ་བྱེད་པ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཚད་མཐོའི་རང་སྐྱོང་དབང་ཆ་ལ་འགན་སྲུང་བྱེད་པ། མེས་རྒྱལ་ནང་ལོག་གི་རྒྱབ་རྩ་བརྟན་པོའི་ནུས་པ་འདོན་སྤེལ་བྱེད་པ་དང་ཞང་ཀང་དང་ཨོ་མིན་རང་སྟེང་གི་འགྲན་རྩོད་ནུས་ཤུགས་ཇེ་ཆེར་གཏོང་བ་བཅས་ངེས་པར་དུ་ཕན་ནུས་ལྡན་པར་ཟུང་སྦྲེལ་བྱེད་དགོས། ངེས་པར་དུ་ཞི་བའི་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མཚོ་ངོགས་གཉིས་ཀྱི་འབྲེལ་བ་ཞི་བས་གོང་འཕེལ་དུ་འགྲོ་བའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས་བཅས་ཀྱི་རྨང་གཞི་སྲ་བརྟན་དང་ཇེ་ཟབ་ཏུ་བཏང་ནས། ཅི་བའི་གཅིག་གྱུར་ལ་ཆ་རྐྱེན་སྔར་ལས་ཕུན་སུམ་ཚོགས་པ་བསྐྲུན་དགོས་ཞེས་ནན་གྱིས་བསྟན། ཚོགས་ཆེན་ནས་སྙན་ཞུའི་ནང་གི་རྒྱལ་སྤྱིའི་གནས་བབ་ཀྱི་དབྱེ་ཞིབ་དང་བཏོན་པའི་ཕྱི་ཕྱོགས་བྱ་བའི་བྱེད་ཕྱོགས་ལ་འཐད་པ་བྱུང་།
ཚོགས་ཆེན་ནས་ནན་གྱིས་བསྟན་དོན། བཅོས་སྒྱུར་དང་གསར་སྐྲུན་གྱི་སྙིང་སྟོབས་བཅངས་ཏེ་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བ་ཡོངས་སུ་སྤེལ་ནས། ཏང་གི་འཛུགས་སྐྲུན་གྱི་ཚན་རིག་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། ཏང་ཡོངས་ཀྱིས་ཏང་གི་སྲིད་འཛིན་ནུས་པའི་འཛུགས་སྐྲུན་དང་། སྔོན་ཐོན་རང་བཞིན་དང་དག་གཙང་རང་བཞིན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ལམ་མཆོག་འདི་རྒྱུན་འཁྱོངས་བྱས་ནས། ཏང་གི་བསམ་བློ་འཛུགས་སྐྲུན་དང་རྩ་འཛུགས་འཛུགས་སྐྲུན། ཀུན་སྤྱོད་འཛུགས་སྐྲུན། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་འཛུགས་སྐྲུན། ལམ་ལུགས་འཛུགས་སྐྲུན་བཅས་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཞིང་། རང་སྟེང་གཙང་སྒྱུར་དང་། རང་སྟེང་འཐུས་ཚང་། རང་སྟེང་གསར་སྒྱུར། རང་སྟེང་མཐོར་འདེགས་བཅས་ཀྱི་ནུས་པ་ཇེ་ཆེར་བཏང་ནས། སློབ་སྦྱོང་བྱེད་པ་དང་ཞབས་འདེགས་ཞུ་བ། གསར་སྐྲུན་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་འཛུགས་སྐྲུན་བྱས་ཏེ། ཏང་ནམ་ཡང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་མགོ་ཁྲིད་སྲོག་ཤིང་བརྟན་པོར་འགྱུར་བར་བྱེད་དགོས། ཚོགས་ཆེན་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ་དང་། རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་མ་ལག་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ཏེ། ལས་བྱེད་སྤྱོད་གཙང་དང་སྲིད་གཞུང་དྭངས་གཙང་། ཆབ་སྲིད་དག་གཙང་བཅས་ཡོང་བར་བྱེད་དགོས་ཞེས་ནན་གྱིས་བསྟན།
ཚོགས་ཆེན་ནས་ཏང་གི་མདུན་དུ་གནས་པའི་གནས་བབ་ཇི་ལྟར་རྙོག་འཛིང་ཆེ་བ་དང་། ཁུར་དུ་བབས་པའི་ལས་འགན་ཇི་ལྟར་ལྗིད་ན། དེ་ལྟར་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། དེ་ལྟར་ཏང་གི་གཅིག་བསྡུས་གཅིག་གྱུར་ལ་སྲུང་སྐྱོབ་བྱས་ཏེ། ཏང་ཡོངས་ཀྱི་གོང་འོག་ཀུན་ཏུ་གོམ་སྟབས་མཉམ་སྤོ་དང་ཡར་བརྩོན་ལྷོད་མེད་ཀྱི་སྟོབས་ཤུགས་ཆེན་པོ་ཆགས་པར་བྱེད་དགོས་ཞེས་ནན་གྱིས་བསྟན།
ཚོགས་ཆེན་ནས་ནན་གྱིས་བསྟན་དོན། མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ལ་དམིགས་པ་དང་། ལོ་རྒྱུས་ཀྱི་ཆ་རྐྱེན་དང་ཉམས་སད་གསར་བར་དམིགས་ནས། ཏང་ཡོངས་ཀྱིས་ངེས་པར་དུ་ཉེན་ཁའི་འདུ་ཤེས་ཇེ་ཆེར་བཏང་སྟེ། ཁེངས་སྐྱུང་གཟབ་ནན་བྱེད་པ་དང་ང་རྒྱལ་འཚབ་འཚུབ་དང་བྲལ་ནས་ནམ་ཡང་རིགས་ལམ་གསལ་བོ་སྲུང་འཛིན་བྱེད་དགོས་ལ། ངེས་པར་དུ་གསར་སྐྲུན་གྱི་འདུ་ཤེས་ཇེ་ཆེར་བཏང་སྟེ། བདེན་ལུགས་རྒྱུན་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱས་ནས། ནམ་ཡང་ཡར་བརྩོན་ལྷོད་མེད་ཀྱི་བསམ་བློའི་རྣམ་པ་སྲུང་འཛིན་བྱེད་དགོས་པ་དང་། ངེ་པར་དུ་ཏང་གི་དམིགས་བྱའི་འདུ་ཤེས་ཇེ་ཆེར་བཏང་སྟེ། མང་ཚོགས་ལ་ཡིད་ཆེས་པ་དང་། མང་ཚོགས་ལ་བརྟེན་ནས་ནམ་ཡང་མི་དམངས་སེམས་ཁོང་གི་ཆེས་མཐོ་བའི་གོ་གནས་སུ་འཇོག་དགོས་ཤིང་། ངེས་པར་དུ་འགན་འཁྲིའི་འདུ་ཤེས་ཇེ་ཆེར་བཏང་སྟེ། དངོས་གཉེར་བདེན་འཚོལ་དང་དཀའ་སྤྱད་འབད་བརྩོན་བྱས་ནས། ནམ་ཡང་གུང་ཁྲན་ཏང་མིའི་ཆབ་སྲིད་རང་གཤིས་སྲུང་འཛིན་བྱེད་དགོས།
ཚོགས་ཆེན་ནས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཚོགས་ཆེན་ནས་སྐབས་བཅུ་བདུན་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེན་གང་ལེགས་བྱས།
ཚོགས་ཆེན་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། བཟོ་བཅོས་འཆར་ཟིན་དེར་གྲོས་འཆམ་བྱུང་བའི་ཉིན་ནས་བཟུང་ནུས་པ་ལྡན་པར་བྱེད་རྒྱུའི་ཐག་བཅད།
ཚོགས་ཆེན་ནས་བལྟས་ན། ཚན་རིག་གི་འཕེལ་རྒྱས་ལྟ་བ་ནི། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕེན་གྱི་རིགས་གཞུང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་བཅས་དང་མཉམ་དུ་གཅིག་རྒྱུན་གཅིག་ལ་འབྲེལ་ཞིང་སྐབས་བསྟུན་མདུན་སྐྱོད་ཀྱི་ཚན་རིག་གི་རིགས་གཞུང་ཡིན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་འཕེལ་རྒྱས་ཐད་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བའི་གཅིག་བསྡུས་མཚོན་བྱེད་ཡིན་ལ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་ཕན་འབྲས་ཆེས་གསར་བ་ཡིན་ཞིང་། ཀྲུང་གོ་གུང་ཁྲན་ཏང་གི་ཐུན་མོང་བློ་གྲོས་ཀྱི་ཉིང་བཅུད་ཡིན་པ་དང་། ཏང་གིས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་པའི་མཛུབ་སྟོན་བསམ་བློ་ཡིན་པར་འདོད། ཚོགས་ཆེན་ནས་ཏང་གི་སྒྲིག་ཡིག་ནང་ཚན་རིག་གི་འཕེལ་རྒྱས་ལྟ་བ་དེ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕེན་གྱི་རིགས་གཞུང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་བཅས་དང་མཉམ་དུ་ཏང་གི་འགུལ་སྐྱོད་ཕྱོགས་སྟོན་དུ་གཏན་ཁེལ་བྱེད་པར་ཡོངས་སུ་འཐད་པ་བྱུང་། ཚོགས་ཆེན་ནས་ཏང་ཡོངས་ཀྱི་བློ་མཐུན་གྱིས་ཚན་རིག་གི་འཕེལ་རྒྱས་ལྟ་བར་སློབ་སྦྱོང་སྔར་ལས་ཟབ་མོ་བྱས་ཏེ། ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་ལེན་མཐའ་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་ལེན་མཐའ་འཁྱོལ་བྱེད་པའི་སྒྲིག་སྲོལ་སྒྲིག་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས། ཚན་རིག་གི་འཕེལ་རྒྱས་ལྟ་བ་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་བྱེད་པ་དང་ཏང་གི་འཛུགས་སྐྲུན་གྱི་ཕྱོགས་སོ་སོ་ནས་མཚོན་དགོས་པའི་རེ་བ་བཏོན།
ཚོགས་ཆེན་ནས་བལྟས་ན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིགས་གཞུང་མ་ལག་དང་མཉམ་དུ་ཏང་གི་སྒྲིག་ཡིག་ཏུ་བཀོད་ན། ཏང་ཡོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ནང་དོན་ལ་གོ་བ་ཆ་ཚང་ལེན་པར་ཕན་པ་ཡོད་སྙམ། ཚོགས་ཆེན་ནས་ཏང་ཡོངས་ཀྱི་བློ་མཐུན་གྱིས་ཏང་གིས་ཡུན་རིང་བོར་དཀའ་སྤྱད་ཀྱིས་བཏོད་པའི་བགྲོད་ལམ་འདི་དང་རིགས་གཞུང་མ་ལག་འདི། ལམ་ལུགས་འདི་ལ་ལྡབ་འགྱུར་གྱིས་གཅེས་སྤྲས་དང་ཡུན་རིང་རྒྱུན་འཁྱོངས། རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་བ་བཅས་བྱེད་པ་དང་། བགྲོད་ལམ་གྱི་ཡིད་ཆེས་དང་རིགས་གཞུང་གི་ཡིད་ཆེས། ལམ་ལུགས་ཀྱི་ཡིད་ཆེས་བཅས་བརྟན་པར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་བ་ལེན་པར་ཧུར་བརྩོན་བྱེད་དགོས་ཞེས་ནན་གྱིས་བསྟན།
ཚོགས་ཆེན་ནས་བལྟས་ན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཏང་གི་སྒྲིག་ཡིག་ཏུ་བཀོད་པར་མ་ཟད་རྒྱས་བཤད་བྱས་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་སྤྱིའི་བཀོད་པ་སྔར་ལས་འཐུས་ཚང་དུ་གྱུར་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཐབ་ཇུས་གོ་གནས་སྔར་ལས་ཇེ་གསལ་དུ་གྱུར་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ཕྱོགས་ཡོངས་ནས་སྤེལ་བར་ཕན་པ་ཡོད་ལ། ཏང་གི་སྒྲིག་ཡིག་གིས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན་བཅས་ཀྱི་ནང་དོན་ཕུན་སུམ་ཚོགས་པར་བྱས་པས། ཏང་ཡོངས་ཀྱི་བློ་མཐུན་གྱིས་སྔར་ལས་རང་རྟོགས་དང་སྔར་ལས་བློ་རྩ་བརྟན་པོས་ཏང་གི་གཞི་རྩའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་རྩ་འཛིན། གཞི་རྩའི་ཉམས་མྱོང་། གཞི་རྩའི་བླང་བྱ་བཅས་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས། སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཕྱོགས་ཡོངས་ནས་སྤེལ་ཏེ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་རྒྱུན་ཆད་མེད་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་བ་ལེན་པར་ནུས་པ་ཧ་ཅང་གལ་ཆེན་ལྡན་པར་སྙམ།
ཚོགས་ཆེན་ནས་བལྟས་ན། བཅོས་སྒྱུར་སྒོ་འབྱེད་ནི་རྒྱལ་ཁབ་སྟོབས་དང་ལྡན་པར་འགྱུར་བའི་བགྲོད་ལམ་ཡིན་ལ། དུས་སྐབས་གསར་བའི་ཆེས་མངོན་པར་གསལ་བའི་ཁྱད་ཆོས་ཡིན། འདིའི་ཕྱོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ཏུ་བཀོད་ན། ཏང་ཡོངས་ཀྱིས་བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་སྔར་ལས་ཟབ་མོ་བྱས་ཏེ། སྔར་ལས་རང་རྟོགས་དང་སྔར་ལས་བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་སྒོ་འབྱེད་སྤེལ་བར་ཕན་པ་ཡོད་པར་སྙམ།
ཚོགས་ཆེན་ནས་བལྟས་ན། ཚོགས་ཆེན་བཅུ་བདུན་པའི་ཚུན་གྱི་ཏང་གི་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་བ་དང་གོ་རྟོགས་གསར་བ། བླང་བྱ་གསར་བ་བཅས་ཏང་གི་སྒྲིག་ཡིག་ནང་གི་ཏང་གི་འཛུགས་སྐྲུན་སྤྱིའི་བླང་བྱའི་ནང་དུ་བསྣན་པས། ཏང་གི་འཛུགས་སྐྲུན་གྱི་ཐབས་ལམ་དང་། སྤྱིའི་བཀོད་པ། སྤྱིའི་དམིགས་འབེན་བཅས་སྔར་ལས་འཐུས་ཚང་དུ་གྱུར་ལ། ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བ་ཕྱོགས་ཡོངས་ནས་སྤེལ་བར་ཕན་པ་ཡོད་པར་སྙམ། ཚོགས་ཆེན་ནས་བལྟས་ན། ཉེ་བའི་ལོ་འགའི་ཏང་གི་འཛུགས་སྐྲུན་གྱི་ཕུན་སུམ་ཚོགས་པའི་ཉམས་མྱོང་སྤྱི་སྡོམ་དང་བསྡུ་ལེན་བྱེད་པར་མ་ཟད། དེ་སྤྱིའི་རྩ་གནད་ཀྱི་བཟོ་བཅོས་དང་སྦྲེལ་ནས། ཏང་གི་སྒྲིག་ཡིག་གི་དོན་ཚན་ཁ་ཤས་ལ་བཟོ་བཅོས་འོས་འཚམ་བྱས་པ་དེ་དགོས་ངེས་ཧ་ཅང་ཆེ་བར་སྙམ།
ཚོགས་ཆེན་གྱི་གྲོས་རིམ་སྣ་ཚོགས་ལེགས་འགྲུབ་བྱུང་རྗེས། ཧུའུ་ཅིན་ཐའོ་ཡིས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། འཐུས་མི་ཚང་མས་མཉམ་དུ་འབད་བརྩོན་བྱས་པས། ཐེངས་འདིར་དར་ཆ་མཐོན་པོར་བསྒྲེངས་པ་དང་སྔར་སྲོལ་རྒྱུན་འཛིན། མ་འོངས་གསར་གཏོད། མཐུན་སྒྲིལ་འབད་འཐབ་་བཅས་ཀྱི་ཚོགས་ཆེན་ཞིག་བསྡུས་ལ། ཚོགས་ཆེན་ནས་གྲོས་འཆམ་བྱུང་བའི་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་ལས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕེན་གྱི་རིགས་གཞུང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་ནས། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་འཕེལ་རྒྱས་ཀྱི་འགྱུར་ལྡོག་ལ་དབྱེ་ཞིབ་བྱས་ཡོད་པ་དང་། འདས་པའི་ལོ་ལྔའི་བྱ་བ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་ཚུན་གྱི་འབད་འཐབ་བརྒྱུད་རིམ་དང་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་སྤྱི་བསྡོམས་བྱས་ཡོད་ལ། ཚན་རིག་གི་འཕེལ་རྒྱས་ལྟ་བའི་ལོ་རྒྱུས་གོ་གནས་གཏན་ལ་ཕབ་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་བ་ལེན་པར་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པའི་གཞི་རྩའི་རེ་བ་བཏོན་ཡོད་ཅིང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ཏེ་ལེགས་འགྲུབ་བྱེད་པ་དང་བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་དམིགས་འབེན་གཏན་ཁེལ་བྱས་ཡོད་པ་དང་། དུས་སྐབས་གསར་བའི་ཆ་རྐྱེན་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་སྤེལ་བར་བཀོད་སྒྲིག་ཆ་ཚང་བྱས་ཡོད་ལ། ཏང་གི་འཛུགས་སྐྲུན་གྱི་ཚན་རིག་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བར་རེ་བ་གསལ་བོ་བཏོན་ཡོད། ཚོགས་ཆེན་ནས་གྲོས་འཆམ་བྱུང་བའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱིས་ཏང་གི་རིགས་གཞུང་གསར་སྐྲུན་དང་ལག་ལེན་འཕེལ་རྒྱས་ཀྱི་གྲུབ་འབྲས་མཚོན་ཡོད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུས་གཏན་ལ་ཕབ་པའི་རིགས་གཞུང་གི་ལྟ་བ་གལ་ཆེན་དང་བྱེད་ཕྱོགས་སྲིད་ཇུས་གལ་ཆེན། བྱ་བའི་བཀོད་སྒྲིག་གལ་ཆེན་བཅས་མཚོན་ཡོད་ལ། ཉེ་བའི་ལོ་འགའི་ཏང་གི་འཛུགས་སྐྲུན་ཐད་ཀྱི་གྲུབ་འབྲས་གསར་བ་མཚོན་ཡོད་ཅིང་། ཏང་གི་བྱ་བ་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་རེ་བ་གསར་བ་བཏོན་ཡོད། ཚོགས་ཆེན་ནས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཞིབ་བཤེར་བྱས་ཏེ་ཆོག་མཆན་བཀོད། ཚོགས་ཆེན་ནས་སྐབས་གསར་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བདམས་ནས་གསར་རྙིང་བརྗེ་སྤོར་བྱས། ཚོགས་ཆེན་ནས་ད་དུང་སྐབས་གསར་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས། ཚོགས་ཆེན་གྱིས་ཐག་བཅད་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་བླངས་པའི་གྲུབ་འབྲས་སྣ་ཚོགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་དང་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བ་ཕྱོགས་ཡོངས་ནས་སྤེལ་བར་ཧ་ཅང་གལ་ཆེ་བའི་མཛུབ་སྟོན་ནུས་པ་ཐོན་ཐུབ་པར་ང་ཚོར་ཡིད་ཆེས་ཡོད་ལ། དེར་གལ་ཆེ་བའི་དངོས་ཡོད་ཀྱི་དོན་སྙིང་དང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཟེར།
ཧུའུ་ཅིན་ཐའོ་ཡིས་བསྟན་དོན། ང་ཚོ་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཡིན་པའི་ཆ་ནས། ལས་འགན་གཟི་བརྗིད་ལྡན་ཞིང་འགན་འཁྲི་ཧ་ཅང་ལྗིད་པས། ངེས་པར་དུ་རང་གི་ཕྲག་ཏུ་བབས་པའི་མཆོག་གྱུར་གྱི་འགན་ནུས་ཡིད་ལ་དམ་པོར་འཛིན་པ་དང་། ཏང་གི་རིགས་གཞུང་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་ལ་སློབ་སྦྱོང་ནན་མོ་དང་ལག་བསྟར་བྱས་ཤིང་། དངོས་སུ་ཏང་གི་སྒྲིག་ཡིག་ལ་སློབ་སྦྱོང་དང་ཏང་གི་སྒྲིག་ཡིག་བརྩི་སྲུང་། ཏང་གི་སྒྲིག་ཡིག་ལག་བསྟར། ཏང་གི་སྒྲིག་ཡིག་ལ་སྲུང་སྐྱོབ་བཅས་བྱས་ཏེ། བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་ཀྱི་ཐད་ནས་ཏང་ཀྲུང་དབྱང་བར་ཚད་མཐོའི་གཅིག་གྱུར་སྲུང་འཛིན་བྱེད་དགོས་ལ། ངེས་པར་དུ་རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས། འཐུས་མིའི་དབང་ཆ་བཀོལ་སྤྱོད་ཡང་དག་བྱེད་དགོས་ཤིང་། ངེས་པར་དུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་རང་རྟོགས་ཀྱིས་འདོན་སྤེལ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཐད་རང་གི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པ་ལས། རྒྱ་ཆེའི་ཏང་ཡོན་གྱི་ཡིད་ཆེས་དང་མངགས་བཅོལ་སྟོང་ཟད་དུ་གཏོང་མི་རུང་ཟེར།
ཧུའུ་ཅིན་ཐའོ་ཡིས་ནན་གྱིས་བསྟན་དོན། ཚོགས་ཆེན་གྱི་སྐབས་སུ་རྒྱལ་ཁབ་མང་པོའི་སྲིད་ཏང་དང་རྩ་འཛུགས་ཀྱིས་ཁ་པར་དང་འཕྲིན་ཡིག་བཏང་ནས་ཚོགས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་། རྒྱལ་ནང་གི་དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣས་ཀྱང་ཚོགས་ཆེན་ལ་རྟེན་འབྲེལ་ཞུས་ཤིང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཐབས་སྣ་ཚོགས་བརྒྱུད་དེ་ཚོགས་ཆེན་ལ་རྟེན་འབྲེལ་ཞུས་པས། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་ཁོ་ཚོར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན་ཟེར།
ཧུའུ་ཅིན་ཐའོ་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིགས་གཞུང་མ་ལག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་བཅས་ནི། ཏང་དང་མི་དམངས་ཀྱིས་ལོ་དགུ་བཅུ་ལྷག་ལ་འབད་འཐབ་དང་གསར་གཏོད། གསོག་འཇོག་བྱས་པའི་རྩ་བའི་གྲུབ་འབྲས་ཡིན་པས། ངེས་པར་དུ་ལྡབ་འགྱུར་གྱིས་གཅེས་སྤྲས་དང་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་དགོས། འདིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་རྩ་བའི་བརྩི་བྱ་འདོན་སྤྲོད་བྱས་ཡོད། ཏང་ཡོངས་ཀྱི་བློ་མཐུན་གྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་པ་དང་། ཏིན་ཞའོ་ཕེན་གྱི་རིགས་གཞུང་དང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་འཛིན་པ་དང་། བསམ་བློ་བཅིངས་འགྲོལ་དང་། བཅོས་སྒྱུར་སྒོ་འབྱེད། སྟོབས་ཤུགས་གཅིག་སྒྲིལ། དཀའ་ངལ་ཁྱད་སེལ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་སྟེང་མདུན་དུ་སྐྱོད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ། མི་དམངས་ཀྱི་སྣེ་ཁྲིད་ནས་རང་རྒྱལ་གྱི་འཕེལ་རྒྱས་འཐབ་ཇུས་གོ་སྐབས་གལ་ཆེན་དམ་འཛིན་དང་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། གསར་སྤེལ་ཡར་བརྩོན་དང་བྱ་བ་ནན་སྒྲུབ་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་བཏོན་པའི་དམིགས་འབེན་དང་ལས་འགན་སྣ་ཚོགས་ལེགས་འགྲུབ་བྱེད་པར་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཟེར།
ཚོགས་ཆེན་གྱི་འདེམ་བསྐོའི་རྗེས་སུ། ད་ལྟ་དང་སྔོན་ཆད་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར་བའི་ཏང་ཕྱིའི་མི་སྣ་དང་། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་པེ་ཅིན་ན་ཡོད་པའི་ཀྲུའུ་ཞི་གཞོན་པ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། པེ་ཅིན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཁྲོད་ཀྱི་དམངས་གཙོ་ཏང་ཁག་དང་ཏང་ཁག་གང་ལའང་མི་གཏོགས་པ། མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཧན་ཆི་ཏི་དང་། ཀྲིག་ཐེ་ནོང་། ཅང་ཧྲུའུ་ཧྲིན། ཁྲིན་ཁྲང་ཀྲི། ཡན་ཅོན་ཆི། སང་གོ་ཝེ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཧོང་མིན་ཧྥུའུ། ཏུང་ཅན་ཧྭ། ཀྲང་མེ་དབྱིན། ཀྲང་རོང་མེན། ཝན་ཀང་། ལེན་ཝུན་དབྱི། ལོ་ཧྥུའུ་ཧི། ཁྲིན་ཙུང་ཞིན། ཝང་ཀྲི་ཀྲིན། ཧི་ཧུག་ཧྭ། ཧི་ལུའུ་ལིས། ཁྲིན་སི་ཝེ། ཅང་ཀྲིན་ཧྭ། སུན་ཧྥུའུ་ལིན། ལོ་ཧའོ་ཚའེ། ཀྲང་ཁི་ཧོས། ཀྲང་དཔེ་ཞི། ལིས་མིན། ཡོན་ལུང་ཕེན་བཅས་གདན་དྲངས་པ་ལྟར་ཚོགས་འདུར་ཟུར་ཞུགས་བྱས་པ་མ་ཟད། ཀྲུའུ་ཞི་སྟེགས་བུའི་སྐུ་མགྲོན་བཞུགས་གྲལ་དུ་བསྡད་ཡོད། ཏང་ནང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཡང་ཚོགས་ཆེན་ལ་ཟུར་ཞུགས་བྱས།
ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་སྤྱིའི་གླུ་ཡི་གླུ་སྒྲའི་ཁྲོད་ཕུན་སུམ་ཚོགས་པའི་ངང་གྲོལ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10