ཧུའུ་ཅིན་ཐའོ་ཡིས་གློག་འཕྲིན་བཏང་ནས་ཨོ་པཱ་མ་ཡིས་བསྟུད་མར་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་འཁུར་བར་རྟེན་འབྲེལ་ཞུས་པ།
ཕྱུག་ལོ། ཞིན་ཧྭ་གསར་འགྱུར་དྲ་བ། 2012-11-08
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཚེས་བདུན་ཉིན་ཨ་མེ་རི་ཁའི་བསྟུད་མར་འགན་འཁུར་བའི་ཙུང་ཐུང་ཨོ་པ་མ་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
ཧུའུ་ཅིན་ཐའོ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཉེ་བའི་ལོ་བཞིའི་རིང་ལ། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་པས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་གོང་འཕེལ་བཟང་བོ་བྱུང་། འུ་གཉིས་བར་ཕན་ཚུན་བརྩི་བཀུར་དང་གཉིས་ཕན་མཉམ་རྒྱལ་གྱི་ཀྲུང་གོ་དང་ཨ་མེ་རི་ཁའི་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་སྐྲུན་བྱེད་པ་དང་། རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་པར་འཚོལ་ཞིབ་བྱེད་པའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང་ཡོད། ཀྲུང་གོ་དང་ཨ་མེ་རི་ཁའི་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ་དང་། རིག་གནས་བརྗེ་རེས། མཐོ་རིམ་གྲོས་མོལ་སོགས་ལ་ཕན་འབྲས་གལ་ཆེན་ཐོབ་ཡོད། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་ཕན་འབྲས་ཕུན་སུམ་ཚོགས་པའི་མཐུན་སྦྱོར་དང་མཉམ་ལས་བྱས་ཡོད། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་རྒྱུན་བསྲིང་དང་བདེ་བླག བརྟན་འཇགས་ངང་གོང་འཕེལ་དུ་གཏོང་བ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ལའང་ཕན་པ་ཡོད། ཀྲུང་གོས་ཨ་མེ་རི་ཁ་དང་མཉམ་དུ་མ་འོངས་བར་དམིགས་པ་དང་མུ་མཐུད་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་སྐྲུན་བྱེད་པའི་ཐད་སྔར་ལས་ཆེ་བའི་འཕེལ་རིམ་གསར་བ་བླངས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་མི་དམངས་ལ་སྔར་ལས་བཟང་བོའི་སྒོ་ནས་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཨོ་པཱ་མ་ལ་གློག་འཕྲིན་བཏང་ནས། ཁོ་བསྟུད་མར་ཨ་མེ་རི་ཁའི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས། ཝུན་ཅ་་པའོ་ཡིས་བསྟན་དོན། བརྟན་འཇགས་དང་རྒྱུན་བསྲིང་སྒོས་འཕེལ་བའི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བཟང་བོ་ནི་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་ཡིན་པ་དང་། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་ལ་ཡང་ཕན། ཕྱོགས་གཉིས་ཀྱི་འབད་བརྩོན་འོག་ཏུ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་སྔར་ལས་ཆེ་བའི་གོང་འཕེལ་གསར་བ་འབྱུང་བར་ང་ལ་ཡིད་ཆེས་ཡོད་ཟེར།རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་གྱིས་པད་ཏིན་ལ་གློག་འཕྲིན་བཏང་ནས། ཁོ་ཡང་བསྐྱར་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པར་བདམས་པར་རྟེན་འབྲེལ་ཞུས།