ཕྱུག་ལོ། ཞིན་ཧྭ་གསར་འགྱུར་དྲ་བ། 2012-11-08
ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་གསར་འགྱུར་མགྲིན་ཚབ་པ་ཚའེ་མེན་ཀྲའོ་ཡིས་ཚེས་བདུན་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཚོགས་ཆེན་བཅོ་བརྒྱད་པའི་གྲོས་རིམ་དང་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།ཚའེ་མེན་ཀྲའོ་ཡིས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནི་རང་རྒྱལ་གྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་སྐབས་དང་། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་དཔལ་འབྱོར་འཕེལ་སྟངས་མྱུར་དུ་བསྒྱུར་བའི་བརྒལ་གཏོར་གྱི་དུས་སྐབས་སུ་བསྡུ་བའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་ཡིན་ཟེར།ཚའེ་མེན་ཀྲའོ་ཡིས་བཤད་རྒྱུར། ན་ནིང་གི་ཟླ་བཅུ་བར། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་བསྡུ་བའི་ཆོད་དོན་གཏན་ལ་ཕབ་རྗེས། ཏང་ཀྲུང་དབྱང་གིས་ཆེད་དུ་སྙན་ཞུ་འབྲི་བའི་ཚན་ཁག་བཙུགས་པ་དང་། བློ་མཐུན་ཞི་ཅིན་ཕེན་གྱིས་ཚན་གཙོའི་འགན་འཁུར། ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་གཙོ་བོའི་ཆེད་དོན་ཞིབ་སྡུར་འཛིན་གྲྭའི་སྟེང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུ་འབྲི་བར་འབྲེལ་བའི་གནད་དོན་གལ་ཆེན་རབ་དང་རིམ་པའི་ཐད་ནས་གསུངས་བཤད་གལ་ཆེན་གནང་། ཞིབ་སྡུར་འཛིན་གྲྭར་ཞུགས་པའི་བློ་མཐུན་གྱིས་གནད་དོན་གལ་ཆེན་འདི་དག་གི་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན་པ་དང་། སྙན་ཞུའི་མ་ཡིག་བྲིས་རྗེས། ཕྱོགས་སོ་སོའི་བསམ་འཆར་ཡོངས་ཁྱབ་ཏུ་བསྡུ་ལེན་བྱས་ལ། བསམ་འཆར་བསྡུ་ལེན་བྱས་པའི་མི་ཐེངས་སྟོང་བཞི་དང་ལྔ་བརྒྱ་བཅུ་གཅིག་ལ་བསླེབས། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་དངོས་སུ་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་ཐེངས་བདུན་ལ་བསྡུས་ནས། ཐད་ཀར་དུ་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞི་ལ་གསན་ཟེར།ཚའེ་མེན་ཀྲའོ་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པས་ཏང་གི་སྒྲིག་ཡིག་བཟོ་བཅོས་བྱ་རྒྱུ་ཡིན་ལ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྙན་ཞུས་གཏན་ལ་ཕབ་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་འཐབ་ཇུས་ཀྱི་བསམ་བློ་གལ་ཆེན་ཏང་གི་སྒྲིག་ཡིག་ཏུ་བཀོད་དེ། བཟོ་བཅོས་བྱས་རྗེས་ཀྱི་ཏང་གི་སྒྲིག་ཡིག་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་ཆེས་གསར་བ་གང་ལེགས་སྒོས་མཚོན་པར་འབད་བརྩོན་བྱས་ནས། ཏང་གི་ཚོགས་ཆེན་བཅུ་བདུན་པའི་ཚུན་ལ་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་རབ་དང་རིམ་པ་གང་ལེགས་སྒོས་མཚོན་པ་དང་། ཏང་གི་བྱ་བ་དང་ཏང་གི་འཛུགས་སྐྲུན་གྱི་ཉམས་མྱོང་གསར་བ་གང་ལེགས་སྒོས་མཚོན་ནས། གནས་བབ་གསར་བ་དང་ལས་འགན་གསར་བས་ཏང་གི་བྱ་བ་དང་ཏང་གི་འཛུགས་སྐྲུན་ཐད་བཏོན་པའི་རེ་བ་གསར་བར་མཐུན་པར་བྱ་རྒྱུ་རེད་ཟེར།ཚའེ་མེན་ཀྲའོ་ཡིས་བཤད་རྒྱུར། འཐུས་མི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་བྱས་རྗེས། འཐུས་མི་སྟོང་གཉིས་དང་ཉིས་བརྒྱ་བདུན་ཅུ་ལ་འཐུས་མིའི་ཐོབ་ཐང་ཡོད་པར་གཏན་ཁེལ་བྱས་པ་དང་། དེའི་ནང་འཐུས་མི་གཉིས་ལ་ནད་ཕོག་ནས་ཚེ་ལས་འདས་པས། ཚོགས་འདུ་ལ་ཞུགས་དགོས་པའི་འཐུས་མི་སྟོང་གཉིས་དང་ཉིས་བརྒྱ་རེ་བརྒྱད་ཡོད། ཁོ་ཚོར་སྔོན་ཐོན་རང་བཞིན་ཅུང་དྲག་པོ་དང་ཡོངས་ཁྱབ་ཀྱི་འཐུས་ཚབ་རང་བཞིན་ལྡན། སྔོན་ཆད་ཀྱི་སྲོལ་ལྟར་དུ་ཀྲུང་གུང་ཀྲུང་དབྱང་གིས་ད་དུང་མགོ་ཁྲིད་ལས་གནས་ལས་བུད་པའི་ཏང་ཡོན་རྒན་པ་ཁ་ཤས་ཆེད་ཞུས་འཐུས་མི་ལ་གཏན་ཁེལ་བྱས་ཏེ་ཚོགས་ཆེན་ལ་ཞུགས་སུ་འཇུག་རྒྱུ་རེད་ཟེར།ཚའེ་མེན་ཀྲའོ་ཡིས་བཤད་རྒྱུར། ཏང་གི་སྒྲིག་ཡིག་གི་གཏན་ཁེལ་ལྟར། ཐེངས་འདིའི་འཐུས་མིའི་ཚོགས་ཆེན་གྱིས་སྐབས་གསར་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གདམ་རྒྱུ་ཡིན་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་གྲོལ་རྗེས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ། སྐབས་གསར་བའི་ཀྲུང་དབྱང་མགོ་ཁྲིད་ལས་ཁུངས་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ལས་ཁུངས་གདམ་རྒྱུ་རེད། ཚང་འཛོམས་གྲོས་ཚོགས་གྲོལ་རྗེས། སྐབས་གསར་བའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་གྱིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་རྒྱུ་རེད་ཟེར།ཚའེ་མེན་ཀྲའོ་ཡིས་ད་དུང་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10