ཏང་གི་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཀྱི་སྙིང་དོན་ལག་ལེན་མཐའ་འཁྱོལ་དང་།བོད་ལུགས་ཀྱི་ཐང་གའི་རི་མོ་སྒྱུ་རྩལ་གོང་དུ་སྤེལ་ཆེད།ཀྲུང་གོ་སྒྱུ་རྩལ་ཞིབ་འཇུག་གླིང་དང་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་།སི་ཁྲོན་སྒྱུ་རྩལ་གླིང་བཅས་ཀྱིས་སྤྱི་ལོ་༢༠༡༢ལོའི་ཟླ་བ་༡༢པའི་ཚེས་བཅོ་ལྔ་ཡས་མས་སུ་སི་ཁྲོན་ཁྲེན་ཏུང་གྲོང་ཁྱེར་དུ་ཐེངས་དང་པོའི་ཀརྨ་བི་ཤྭའི་གཟེངས་བུམ་བཟོ་རྩལ་བཤམས་སྟོན་དང་བཟོ་རྩལ་བགྲོ་གླེང་འཚོག་རྒྱུ་ཡིན།ཚོགས་འདུ་འདིའི་ནང་དོན་ཆེན་པོ་གསུམ་ཡོད་དེ།
གཅིག མི་དར་མ་དང་ན་གཞོན་གྱིས་བྲིས་པའི་ཐང་ག་སྤུས་ལེགས་བདམས་ནས་བཤམ་སྟོན་ཟབ་རྒྱས་སུ་སྤེལ་བ་དང་ཆགས་ཅིག།བོད་རིས་ཆེད་མཁས་མི་སྣ་རྩ་འཛུགས་ཀྱིས་རི་མོའི་སྤུས་ཚད་ལ་གཞིས་ནས་རི་མོ་རྩེར་སོན་དང་།སྤུས་ལེགས།བྲིས་བཟང་བཅས་ཀྱི་བྱ་དགའ་སྤྲད་རྒྱུ་དང་།རི་མོ་བ་ཨང་དང་པོ་དང་།གཉིས་པ།གསུམ་པ་བཅས་ཀྱི་ལག་ཁྱེར་སྤྲད་རྒྱུ།
གཉིས། བོད་ལུགས་རི་མོ་དང་ཞིབ་འཇུག་གི་ཆེད་མཁས་མི་སྣ་དང་།བོད་བཟོའི་ཁེ་ལས་པ།ན་གཞོན་དང་བུད་མེད་ཀྱི་འཐུས་ཚབ་གདན་འདྲེན་ཞུས་ནས།བོད་ལུགས་རི་མོའི་ཞིབ་འཇུག་གི་འབྲས་བུ་དང་།རི་མོའི་ཤེས་བྱ།རི་མོའི་ཁེ་ལས།ཚོང་ར།དངུལ་རྩལ་རུབ་ཐབས།ན་གཞོན་ཕོ་མོའི་རི་མོ་བ་རྣམས་ཀྱི་མྱོང་ཚོར་གསར་པ།བསམ་ཕྱོགས་སོགས་ཕྱོགས་མང་པོ་ནས་བགྲོ་གླེང་སྤེལ་ཏེ།ཡོན་ཚད་མཐོ་དམན་ལ་མི་ལྟ་བར་ལྷ་བཟོ་བ་ཀུན་ལ་མ་འོངས་པར་ཕན་ཐོག་མངོན་གསལ་རེ་ཡོད་པ་བྱེད་རྒྱུ།
གསུམ། སྤྱིར་བོད་ཀྱི་རི་མོ་ལ་རིག་གནས་ཁག་གི་མཚོན་བྱེད་རྟགས་ཀྱི་རི་མོ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན་ནའང་།དུས་ད་ལྟའི་བར་དུ་བོད་ལུགས་ཐང་ཀ་རི་མོའི་མཚོན་རྟགས་ཀྱི་རི་མོ་ཞིག་མེད་པས།ཚོགས་འདུ་འདིའི་ཐོག་ཏུ་མཛེས་ཤིང་བསྡུས་ལ་མཚོན་དོན་མངོན་པར་གསལ་བའི་བོད་ལུགས་རི་མོའི་མཚོན་རྟགས་ཤིག་གཏན་འཁེར་བྱ་རྒྱུ་བཅས་ཡིན།
ཚོགས་ཞུགས་པའི་སྟ་གོན་གྱི་སྐོར།
གཅིག
ཐེངས་འདི་ཚོགས་ཞུགས་པའི་ལྷ་བཟོ་བ་ལ་སྲིད་འཛིན་ས་ཁུལ་གྱི་ཁྱད་པར་མེད་ལ།མི་རིགས་ཀྱི་ཁྱད་པར་མེད།བྲིས་རྒྱུན་སྨན་རྙིང་དང་སྨན་གསར།ཀརྨ་སྒར་ལུགས།བོད་དང་ཕྱི་གླིང་ལུགས་འདྲེས་མ་སོགས་ཀྱང་འགྲེམ་སྟོན་དུ་ཞུགས་ཆོག་ཅིང་།ཞུགས་མཁན་མི་རེས་རི་མོ་བྲིས་ཚར་ཞིང་མཐའ་ཤན་ཅན་༼སྒྲོམ་ནང་བཅུག་ནའང་ཆོག༽ཐང་ལྡེབ་གཉིས་རེ་དང་།འབྲི་བཞིན་པའི་བྲིས་འཕྲོ་རེ་གྲ་སྒྲིག་བྱ་རྒྱུ།
གཉིས། ཚོགས་འདུ་ཐོག་གཏམ་བཤད་མཁན་གྱིས་རང་རང་གི་ཆེད་ལས་དང་མོས་པ་བཅས་ལ་བརྟེན་ནས།ཚོགས་འདུའི་ནང་དོན་གྱི་དགོས་མཁོ་ལྟར།ཚོགས་འདུ་གྲ་སྒྲིག་ལྷན་ཚོགས་དང་མཉམ་གྲོས་ཀྱིས་མི་རེས་གཏམ་བཤད་ཀྱི་གྲ་སྒྲིག་བྱས་ཐོག། རྩོམ་ཡིག་གི་ཁ་བྱང་ཚོགས་འདུ་གྲ་སྒྲིག་ལྷན་ཚོགས་ཀྱི་ཡིག་སྒམ་དུ་བསྐུར་རྒྱུ།
གསུམ། བརྡ་འདི་འབྱོར་རྗེས་ལྷ་བཟོ་པ་རང་གིས་ཇུས་འགོད་རི་མོ་འབྲི་བ་དང་།ཉེ་སྐོར་གྱི་རི་མོ་བ་རྣམས་ལ་བརྒྱུད་བསྒྲགས་བསྐུལ་སློང་བྱས་ནས།བོད་བཟོ་རི་མོའི་རྟགས་མཚན།རི་མོ་བསྡུས་ལ།མིག་ལ་མཛེས་པ།དོན་ཕུན་སུམ་ཚོགས་པ་ཞིག་མཚོན་ཐུབ་པར་འབད་དེ་བྲིས་ནས་ཚོགས་འདུ་མ་འཚོགས་སྔོན་གྱི་དུས་ཚོད་གཏན་འཁེལ་ལྟར་གྲ་སྒྲིག་ལྷན་ཚོགས་ལ་བསྐུར་རྒྱུ།
བཞི། རི་མོ་བས་ངེས་པར་རང་གིས་བྲིས་པའི་ཐང་ཀ་དང་ས་གནས་ཀྱི་ལྷ་བཟོ་བ་གྲགས་ཅན་གཉིས་ནས་གསུམ་གྱི་མིང་བཀོད་དཔང་རྟགས་དགོས་པར་ད་གཟོད་ས་གནས་ཁག་གི་རིག་གནས་གཙོ་གཉེར་སྡེ་ཁག་གིས་དཔང་རྟགས་གནང་རྗེས་མིང་ཐོ་འགོད་ཆོག
ལྔ། དྲྭ་ཡིག་ཐོག་ནས་རི་མོ་བའི་མཚན་དང་རི་མོའི་ཁ་བྱང་།རི་མོའི་ཆེ་ཆུང་།གསར་བྲིས་དུས་ཚོད།འབྲེལ་གཏུག་བྱ་ཡུལ།ཡིག་སྒམ།ཁ་པར་ཨང་གྲངས་དང་རང་གི་ངོ་སྤྲོད་བཅས་ཐོ་འགོད་ཡིག་སྒམ་དུ་༢༠༡༢ལོར་༡༡པའི་ཚེས་༢༠སྔོན་ལ་བསྐུར་རྒྱུ།
ཚོགས་འདུ་དངོས་ཀྱི་སྟ་གོན།
ཐང་ག་བཤམས་སྟོན་ཞུགས་མཁན་གྱི་རི་མོ་བ་རྣམས་ཚོགས་འདུ་མ་འཚོག་པའི་ཉིན་གཉིས་སྔོན་ནས་ཚོགས་གནས་སུ་འོང་སྟེ་ཐང་ག་བཤམས་སྟོན་གྱི་གྲ་སྒྲིག་ཚར་དགོས།
འབྲེལ་གཏུག་བྱེད་ཡུལ།
ཚོགས་འདུ་འདིའི་གཞུང་ལས་ཁང་སི་ཁྲོན་ཞིང་ཆེན་སྒྱུ་རྩལ་གླིང་དུ་བྱས་ཡོད།
སྡོད་གནས།སི་ཁྲོན་ཞིང་ཆེན་ཁྲེན་ཏུང་གྲོང་ཁྱེར་ཤིང་མས་ཆོ་སྒོ་རྟགས་༡༡ཡིན།
འབྲེལ་གཏུག་མི་སྣ། ཤུས་ཧ་བན། ཁ་པར། ༠༢༨༨༥༥༣༣༣༡༧
བློ་གྲོས་མཐའ་ཡས། ཁ་པར། ༡༨༢༨༣༦༤༡༥༥༥
ཁྱེའུ་འཕྲིན། ༤༦༦༩༢༨༦༤༡ ༤༡༦༨༨༢༨༠༢
ཐོ་འགོད་ཡིག་སྒམ།:
466928641@qq.com;
416882802@qq.com
附件:送展唐卡作品信息表

གྲ་སྒྲིག་ལྷན་ཚོགས་ནས།༢༠༢༢ལོར་ཟླ་༡༠པའི་ཚེས་༡༥ཉིན།