བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས། 2012-11-06
ཧའོ་ཕོང་གིས་གསུང་བཤད་གནང་སྐབས་རང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བཞུགས་མཁན་འཐུས་མི་ནི། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་རིམ་པ་བཞིན་འོས་སྦྱོར་དང་རིམ་པ་བཞིན་གདམ་བསྲེས་བྱས་པ་ཞིག་རེད། འཐུས་མི་མི་རེ་ངོ་རེས་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མིའི་གཟི་བརྗིད་ཐོབ་ཐང་ལ་གཅེས་སྤྲས་བྱེད་པ་དང༌། དུས་རྟག་ཏུ་རང་ཉིད་ཀྱི་ཕྲག་སྟེང་དུ་འཁུར་བའི་འོས་འགན་དང་བླ་ན་མེད་པའི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། བློ་དཀར་སེམས་དཀར་གྱིས་འཐུས་མིའི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་པ། རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ཀྱི་བསམ་འཆར་དང་རེ་འགུག་གོང་ཞུ་གང་ལེགས་ཐུབ་པ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན། མི་རིགས་ཁག་གི་ལས་བྱེད་མང་ཚོགས་བཅས་ཀྱི་ཡིད་ཆེས་དང་རེ་བ་ཆུད་ཟོས་སུ་མི་འགྲོ་བ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
ཧའོ་ཕོང་གིས་ད་དུང་ཚོགས་ཆེན་བཅོ་བརྒྱད་པའི་རིང་འཐུས་མི་ཚོས་རང་ཉིད་ཀྱི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་མ་ཟད། ཀྲུང་དབྱང་གི་ལས་དོན་སྙན་ཞུ་ཡག་པོ་གསན་པ་དང་ཞིབ་བཤེར་ཡག་པོ་བྱས་ཏེ། སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱེད་པ། རང་ཉིད་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་འཐབ་དང་ཇུས་ཧུར་ཐག་འདོན་པ་དང་ཆབས་ཅིག་དྲིལ་བསྒྲགས་པའི་འགན་འཁྲི་ཡག་པོ་འཁུར་བ་དང༌། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ལ་དྲིན་འཚོར་གྱི་བསམ་པ་སྙན་ཞུ་དང་དྲིལ་བསྒྲགས་ཡག་པོ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་ལེགས་སྒྲུབ་ལྡན་པའི་སྒོ་ནས་ལག་བསྟར་བྱུང་ལུགས་སྙན་ཞུ་དང་དྲིལ་བསྒྲགས་ཡག་པོ་བྱེད་པ། རང་ལྗོངས་ཀྱི་བསྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་སྙན་ཞུ་དང་དྲིལ་བསྒྲགས་ཡག་པོ་བྱེད་པ། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་སྤྲོ་སེམས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་དང་ཆོད་སེམས་སྙན་ཞུ་དང་དྲིལ་བསྒྲགས་ཡག་པོ་བྱེད་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཧའོ་ཕོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་མཇུག་སྒྲིལ་རྗེས། འཐུས་མི་ཚོས་ཀྲུང་དབྱང་གི་བླང་བྱ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལ་གཞིགས་ནས། ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ནན་ཏན་བྱེད་རྒྱུ་དེ། ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་རྩིས་ནས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སྣེ་འཁྲིད་ངང་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དཀའ་སྤྱད་འབད་འཐབ་དང་དུས་བསྟུན་ཡར་རྒྱས་ཀྱིས། ཚོགས་ཆེན་བཅོ་བརྒྱད་པས་བཏོན་པའི་དམིགས་ཚད་དང་ལས་འགན་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།
ཚོགས་ཆེན་ཐོག་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་ལྷ་གཞིས་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་ཨ་མེས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བཞུགས་མཁན་རང་ལྗོངས་ཀྱི་འཐུས་མིའི་ཚབ་ཞུས་ནས་གཏམ་བཤད་གནང་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10