སྐལ་བཟང་བདེ་སྐྱིད། 2012-10-10
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཡུན་ནན་དབྱིས་ལེང་དུ་ས་ཡོམ་གནོད་འཚེ་ཕོག་མཁན་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལས་དོན་བཀོད་སྒྲིག་གནང་རྗེས། སྤྱི་ཚེས་6ཉིན་ནས་7ཉིན་བར་ཀུའེ་ཀྲོའུ་ཞིང་ཆེན་པིས་ཅེ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བར་ཕེབས་ཡོད། ཁོང་སྔ་ཕྱིར་ཝུའེ་ཉིང་དབྱི་རིགས་ཧུའེ་རིགས་མེའོ་རིགས་རང་སྐྱོང་རྫོང་དང་། ཧེ་ཀྲང་རྫོང་། ཆི་ཤིང་ཀོན་ཁུལ། ཏ་ཧྥང་ཁུལ། ཏ་ཧྥང་རྫོང་། ཆིན་ཞི་རྫོང་བཅས་ཀྱི་གྲོང་གསེབ་དང་། གྲོང་ཁུལ། བཟོ་གྲྭ ཁེ་ལས་བཅས་ལ་ཟབ་བསྐྱོད་གནང་ནས། དབུལ་སྐྱོར་གསར་སྤེལ་དང་། སྐྱེ་ཁམས་འཛུགས་སྐྲུན། གྲུབ་ཆ་ལེགས་སྒྲིག་བཅས་ཇེ་མགྱོགས་སུ་གཏོང་རྒྱུ་དང་། དཔལ་འབྱོར་སྤྱི་ཚོགས་ཡག་ལ་མགྱོགས་པའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་རྟོག་ཞིབ་གནང་ཡོད་པ་རེད།
ཝུན་ཅ་པའོ་ཡིས། ཀུའེ་ཀྲོའུ་དུ་གང་མགྱོགས་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ནི་ནུབ་རྒྱུད་དང་དར་རྒྱས་མེད་པའི་ས་ཁུལ་དང་རྒྱལ་ཡོངས་བར་ཧེ་བག་ཆུང་དུ་གཏོང་བའི་མངོན་ཚུལ་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་དར་རྒྱས་གོང་འཕེལ་འགྲོ་བའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན། ང་ཚོས་ངེས་པར་དུ་ཀུའེ་ཀྲོའུ་གོང་འཕེལ་ཡག་པོ་གཏོང་དགོས་ལ། ང་ཚོས་ཀུའེ་ཀྲོའུ་གོང་འཕེལ་ཡག་པོ་གཏོང་ཐུབ་ངེས་ཀྱང་ཡིན། ཀུའེ་ཀྲོའུ་ཡི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་ཡིད་ཆེས་བརྟན་པོ་དང་། དཀའ་སྤྱད་འབད་འཐབ། དཀའ་གནད་ལས་འགྲོལ་བ། ནམ་ཡང་ཕྱིར་བཤོལ་མི་བྱེད་པ་བཅས་བྱེད་དགོས། ཀུའེ་ཀྲོའུ་ཡི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པར་འགྱུར་སྲིད་ཅེས་གསུངས་ཡོད་པ་རེད།
སྤྱི་ཚེས་6ཉིན་གྱི་སྔ་དྲོ། ཝུན་ཅ་པའོ་ཨུ་མོང་རི་བོའི་རི་ཁུག་ཏུ་གནས་པའི་ཝུའེ་ཉིང་ལ་ཕེབས་ཡོད་པ་རེད། ཝུའེ་ཉིང་རྫོང་ཡན་ཚང་གྲོང་བརྡལ་ཏ་ཀླུ་གྲོང་ཚོ་ནི་རྒྱ་རིགས་དང་། དབྱི་རིགས། ཧུའེ་རིགས། མེའོ་རིགས་བཅས་མི་རིགས་མང་པོ་འདུས་སྡོད་བྱེད་པའི་དབུལ་ཕོངས་གྲོང་ཚོ་ཞིག་ཡིན། ཝུན་ཅ་པའོ་ཡིས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ལ། ཉེ་ལམ་ལོ་ཤས་རིང་། མང་ཚོགས་ཀྱི་འཚོ་བར་ལེགས་བཅོས་མངོན་གསལ་དོད་པོ་བྱུང་ཡོད་ཀྱང་། ད་དུང་མང་ཚོགས་འབོར་ཆེན་ཞིག་སྔར་བཞིན་དཀའ་ཚེགས་ཅུང་ཆེ་ཙམ་ཡོད། ང་ཚོས་མུ་མཐུད་འབད་བརྩོན་བྱས་ཏེ། དབུལ་སྐྱོར་གསར་སྤེལ་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཐན་སྐྱོན་དང་ཞོད་སྐྱོན་གང་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པ་འགན་སྲུང་བྱེད་པ། དམིགས་བསལ་བཟང་ཆ་ལྡན་པའི་ཐོན་ལས་དང་ལྷག་པར་དུ་དམིགས་བསལ་ཁྱད་ཆོས་ལྡན་པའི་ཞིང་ལས་གོང་འཕེལ་གཏོང་བ། ཞིང་པའི་ཡོང་འབབ་རྒྱུན་མཐུད་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དབུལ་ཕོངས་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་མགྱོགས་མྱུར་ལེགས་བཅོས་གཏོང་དགོས་ཞེས་གསུངས་འདུག
སྤྱི་ཚེས་6ཉིན་གྱི་ཕྱི་དྲོ། ཝུན་ཅ་པའོ་ཆི་ཤིང་ཀོན་ཁུལ་གྲང་ཁྲུན་པའོ་གྲོང་བརྡལ་ཡང་ཧེ་རི་ཁུག་ཏུ་ཕེབས་ཡོད། འདི་གར་དེ་སྔོན་ཆར་པ་འབབ་སྐབས་རི་ཉིལ་བ་ཙམ་མ་ཟད་གནམ་དྭངས་པའི་སྐབས་སུའང་རི་ཉིལ་གྱི་ཡོད། སྤྱི་ལོ་༢༠༠༢ལོ་ནས་བཟུང་། གྲོང་མི་རྣམས་ཀྱིས་ཞིང་དོར་ནགས་གསོ་བྱེད་མགོ་ཚུགས་ཡོད་པ་རེད།
སྤྱི་ཚེས་7ཉིན་གྱི་སྔ་དྲོ། ཝུན་ཅ་པའོ་པིས་ཅེ་གྲོང་ཁྱེར་ལིས་ཧྥན་རྟ་མཆོག་རླངས་འཁོར་ཚད་ཡོད་ཀུང་སིའི་རླངས་འཁོར་སྒྲིག་སྦྱོར་འཁོར་ཁང་དུ་ཕེབས་ནས། ཁེ་ལས་ཀྱི་ཐོན་ནུས་དང་། ཞིབ་བཟོ། བྲིན་ཚོང་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་ཡོད་པ་རེད། ཁོང་གིས་ཁེ་ལས་འགན་འཁུར་མི་སྣས་འགག་རྩའི་ལག་རྩལ་འགག་གཏོར་བྱེད་པའི་ཐད་འབད་བརྩོན་ཧུར་ཐག་བྱེད་དགོས་པ་དང་། ཛ་དྲག་པའི་ཁྲོམ་རའི་འགྲན་རྩོད་ཁྲོད་རྐང་པ་བརྟན་པོ་འཛུགས་ཐུབ་པ་བྱེད་དགོས་པའི་སྐུལ་མ་གནང་བ་དང་། ཁོང་གིས་ཀུའེ་ཀྲོའུ་ཡིས་བཟོ་ལས་ཅན་གྱི་འགྲོ་ལམ་གསར་པའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་། ཕྱི་ནང་གཉིས་ཀ་སྒོ་འབྱེད་རྒྱུར་མཐོང་ཆེན་བྱ་རྒྱུ་རྒྱུན་འཁྱོངས། ཨེ་ཤ་ཡ་ཤར་ལྷོ་དང་། ཨེ་ཤ་ཡ་ལྷོ་མ་སོགས་ཀྱི་རྒྱལ་སྤྱིའི་ས་ཁོངས་མཉམ་ལས་ནང་ཧུར་ཐག་ཞུགས་པ། ཤར་རྒྱུད་ཐོན་ལས་སྤོ་འགྱུར་གྱི་འབྲེལ་མཐུད་ཧུར་ཐག་བྱེད་པ་བཅས་བྱས་ཏེ། དེང་རབས་ཐོན་ལས་ཀྱི་མ་ལག་གང་མགྱོགས་འཛུགས་དགོས་པའི་ནན་བཤད་གནང་ཡོད་པ་རེད།
སྤྱི་ཚེས་6ཉིན་གྱི་དགོང་མོ། ཝུན་ཅ་པའོ་ཡིས་པིས་ཅེ་རུ་ཀུའེ་ཀྲོའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10