ཞི་ཅིན་ཕིང་གིས་ཕན་ཚུན་མཐུད་འབྲེལ་གྱི་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་པའི་གླེང་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་།

    མི་དམངས་དྲ་བ།    2014-11-13

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ11ཚེས8ཉིན་གློག་འཕྲིན་འབྱོར་གསལ།ཚེས8ཉིན་ཕན་ཚུན་མཐུད་འབྲེལ་གྱི་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་པའི་གླེང་མོལ་ཚོགས་འདུ་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་འཚོགས་པ་རེད།  ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ《ཕན་ཚུན་མཐུད་འབྲེལ་གྱིས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ་དང་རོགས་ཟླ་མཉམ་དུ་འཛོམས་ནས་མཉམ་ལས་བྱེད》ཅེས་འགོ་བརྗོད་དུ་བྱས་པའི་གསུང་བཤད་གལ་ཆེན་གནང་ནས་ཨེ་ཤེ་ཡའི་རྒྱལ་ཁབ་རྣམས་ཁ་ཕྱོགས་གཙོ་བོར་བརྩི་བ་དང་།དཔལ་འབྱོར་བར་ཁྱམས་རྒྱབ་རྟེན་དུ་བྱེད་པ།འགྲིམ་འགྲུལ་དང་རྨང་གཞིའི་སྒྲིག་བཀོད་ཚད་བརྒལ་དུ་བརྩི་བ། མ་དངུལ་བསྡུ་སྒྲིལ་སྟེགས་བུ་དམ་འཛིན་བྱེད་གཞིར་བརྩི་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྒྲོག་ཐག་ལ་བརྩི་བ་བཅས་བྱས་ནས“ཁུལ་གཅིག་ལམ་གཅིག”གི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱི་ཕན་ཚུན་མཐུད་འབྲེལ་གྱི་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་བཏང་སྟེ་འཕེལ་རྒྱས་དང་ལས་དབང་གི་ཐུན་མོང་སྒྲིག་གཞི་མཉམ་དུ་བསྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།
     གླེང་མོལ་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས་དང་ཐོག་གསུང་བཤད་གལ་ཆེན་གནང་བ་རེད། ཞི་ཅིན་ཕིང་གིས་གནའ་སྔ་མོ་ནས་བཟུང་ཕན་ཚུན་མཐུད་འབྲེལ་བྱ་རྒྱུ་ནི་མིའི་རིགས་སྤྱི་ཚོགས་ཀྱི་དོན་གཉེར་ཞིག་རེད། དར་གོས་འདྲེན་ལམ་ནི་མིག་དཔེ་ཞིག་ཡིན་པ་དང་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་མི་དམངས་ནི་ཕན་ཚུན་མཐུད་འབྲེལ་གྱི་གསར་འབྱེད་པ་ཞིག་ཡིན་ཞེས་བརྗོད་ཆོག   གྲུབ་ཆ་ལེགས་སྒྲིག་དང་སྒྱུར་བཅོས་གསར་གཏོད་ཀྱི་འཛམ་གླིང་གི་རླབས་རྒྱུན་གྱི་མདུན་དུ་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱིས་ངེས་པར་དུ་ལས་དོན་ཧུར་ཐག་བསྒྲུབས་ཏེ་ཨེ་ཤེ་ཡའི་ཐོན་ཁུངས་དང་། ཨེ་ཤེ་ཡས་བསྐྲུན་པ། ཨེ་ཤེ་ཡའི་གསོག་འཇོག་ཨེ་ཤེ་ཡའི་བཟོ་གྲྭ་བཅས་ཀྱི་རྨང་གཞིའི་ཐོག་ཨེ་ཤེ་ཡའི་རིན་ཐང་དང་། ཨེ་ཤེ་ཡའི་གསར་གཏོད། ཨེ་ཤེ་ཡའི་མ་འཇོག  ཨེ་ཤེ་ཡའི་ཁྲོམ་ར་བཅས་འཕེལ་རྒྱས་གཏང་རྒྱུར་གཞོལ་ནས་དཔལ་འབྱོར་འཕར་གནས་དང་འགྲན་རྩོད་ལེགས་ཆ་གསར་པ་མཉམ་དུ་སྐྱེད་སྲིང་བྱེད་དགོས། དམིགས་ཚད་དེ་དག་མངོན་འགྱུར་བྱེད་པར་ཕན་ཚུན་མཐུད་འབྲེལ་བྱ་རྒྱུ་ནི་དེའི་ནང་གི་འགག་རྩའི་ལྷུ་ཚིགས་ཤིག་རེད་ཅེས་བསྟན་པ་རེད།    ཞི་ཅིན་ཕིང་གིས་དེང་སྐབས་ང་ཚོས་བསྐྲུན་པའི་ཕན་ཚུན་མཐུད་འབྲེལ་ནི་རྨང་གཞིའི་སྒྲིག་བཀོད་དང་། ལམ་ལུགས་དང་སྒྲིག་སྲོལ། མི་སྣ་སྤེལ་རེས་བཅས་གཞི་གསུམ་གཅིག་སྡུད་ཡིན་དགོས་པ་དང་སྲིད་ཇུས་མཐུན་སྦྱོར་དང་། སྒྲིག་བཀོད་སྦྲེལ་མཐུད་འབྲེལ།ཚོང་དོན་ཤར་གཏོང་། མ་འཇོག་རྒྱུན་འཁོར། དམངས་སེམས་མཐུན་པ་བཅས་ཁྱབ་ཁོངས་ཆེན་པོ་ལྔ་མཉམ་དུ་འཕེལ་རྒྱས་གཏོང་དགོས། དེ་ནི་ཕྱོགས་མང་དང་། འབུར་གཟུགས་ཅན། དྲ་རྒྱའི་རྣམ་པ་བཅས་ཀྱི་མཐུད་འབྲེལ་ཆེན་པོ་ཞིག་དང་སྐྱེ་སྟོབས་ཀྱི་དཔལ་འབར་ལ་ཇུས་ཤུགས་མཉམ་འདོན་བྱེད་པའི་སྒོ་དབྱེའི་མ་ལག་ཅིག་ཀྱང་རེད་ཅེས་ནན་གསུངས་པ་རེད།    ཞི་ཅིན་ཕིང་གིས་ང་ཚོས་ཨེ་ཤེ་ཡའི་རྒྱལ་ཁབ་མཉམ་འགུལ་འཕེལ་རྒྱས་ཡོང་བ་བྱེད་དགོས། ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ནི་འོད་ཟེར་ལམ་ལམ་དུ་འཕྲོ་བའི་སྒྲོན་མེ་རེ་རེ་བཞིན་དང་འདྲ་བར་བརྟེན་ཕྲེང་སྦྲེལ་ཡུག་སྦྲེལ་བྱས་ཚེ་གཞི་ནས་ཨེ་ཤེ་ཡའི་མཚན་མོའི་མཁའ་དབྱིངས་སུ་འོད་ཟེར་ལྷམ་མེར་འཕྲོ་ཐུབ།ང་ཚོས་དེ་བས་སྒོ་དབྱེའི་ཨེ་ཤེ་ཡའི་དཔལ་འབྱོར་གྱི་ཆགས་སྟངས་བསྐྲུན་པ་དང་། རྒྱལ་ཁབ་ཁག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱེད་པ། ཕྱོགས་ཁག་གི་སྐྱིད་ཚད་ལ་ལྟ་རྟོག་བྱེད་པ། གཞན་གྱི་དཀའ་ངལ་ལ་བཙན་པོ་ཨུ་ཚུགས་མི་བྱེད་པ། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་བཅས་བྱེད་དགོས། སྒོ་དབྱེ་བྱེད་པར་ད་དུང་གོམ་པ་རིམ་བགྲོད་དང་། སྔོན་སླ་རྗེས་དཀའ། གནད་ཀྱིས་ཁྱོན་འཁྲིད་པ།ཉུང་བསྡུ་མང་གྲུབ། བརྟན་སྐྱོད་ཕུགས་དམིགས་བཅས་བྱེད་དགོས། ང་ཚོས་ཨེ་ཤེ་ཡའི་མི་དམངས་ཀྱི་བདེ་སྐྱིད་ཕུགས་བསམ་མངོན་འགྱུར་དང་། མི་རྩ་བར་བཟུང་བ། ཤེས་དཔལ་དཔྱད་གཞིར་འཛིན་རེས་བྱེད་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བཅས་བྱས་ནས་མཛེས་སྡུག་དང་འཕེལ་རྒྱས་མཉམ་སྐྱོད་ཐུབ་པ་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཞི་བདེ་དང་།  འབྱོར་ཕྱུག  ཡར་ཐོན་བཅས་ཀྱི་ཨེ་ཤེ་ཡའི་ཕུགས་འདུན་མཉམ་དུ་འགྲུབ་པར་བྱེད་དགོས། ང་ཚོས་ཨེ་ཤེ་ཡའི་ཁྱད་ཆོས་ལྡན་པའི་མཉམ་ལས་སྟེགས་བུ་བསྐྲུན་དགོས།  ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ནི་ད་ཡོད་ཀྱི་དངུལ་རྩའི་སྒྲིག་གཞིར་དགེ་མཚན་ལྡན་པའི་ཁ་གསབ་ཅིག་ཡིན་པ་དེས་ཨེ་ཤེ་ཡའི་ཕན་ཚུན་མཐུད་འབྲེལ་འཛུགས་སྐྲུན་ནང་ནུས་པ་གལ་ཆེན་འདོན་རྒྱུ་རེད་ཅེས་བསྟན་པ་རེད།    ཞི་ཅིན་ཕིང་གིས་དར་གོས་འདྲེན་ལམ་གྱི་དཔལ་འབྱོར་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་འདྲེན་ལམ་དང་ཕན་ཚུན་མཐུད་འབྲེལ་དང་། ཕན་ཚུན་མཉམ་འདྲེས། གཅིག་རམ་གཅིག་འདེགས་བཅས་ཐུན་མོང་ཐོག་འཛུགས་དགོས།“ཁུལ་གཅིག་ལམ་གཅིག”དེ་ཨེ་ཤེ་ཡ་འཕེལ་རྒྱས་ཡོང་བའི་གཤོག་ཟུང་ལ་དཔེར་བཞག་ན་ཕན་ཚུན་མཐུད་འབྲེལ་ནི་གཤོག་ཟུང་གི་ཁྲག་རྩ་རེད་ཅེས་ནན་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས་དེའི་ཐད་གྲོས་འགོ་ལྔ་བཏོན་གནང་བ་སྟེ།གཅིག  ཨེ་ཤེ་ཡའི་རྒྱལ་ཁབ་ཁ་ཕྱོགས་གཙོ་བོར་བརྩིས་ནས་སྔོན་ལ་ཨེ་ཤེ་ཡ་ཕན་ཚུན་་མཐུད་འབྲེལ་ཡོང་བ་བྱེད་དགོས།“ཁུལ་གཅིག་ལམ་གཅིག”ནི་ཨེ་ཤེ་ཡ་ནས་བྱུང་བ་དང་།ཨེ་ཤེ་ཡར་བརྟེན་པ་ཞིག་ཡིན་པས་ཨེ་ཤེ་ཡར་ཕན་ཐོགས་བསྐྲུན་དགོས།ཀྲུང་གོས་ཕན་ཚུན་མཐུད་འབྲེལ་བྱས་པ་བརྒྱུད་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ལ་སྤྱི་པའི་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱེད་འདོད་ཡོད་པས་ཚང་མ་ཀྲུང་གོའི་འཕེལ་རྒྱས་ཀྱི་མེ་འཁོར་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། གཉིས། དཔལ་འབྱོར་བར་འཁྱམས་རྒྱབ་རྟེན་དུ་བྱས་ཏེ་ཨེ་ཤེ་ཡ་ཕན་ཚུན་མཐུད་འབྲེལ་གྱི་གཞི་རྩའི་གཞི་སྒྲོམ་འཛུགས་དགོས།“ཁུལ་གཅིག་ལམ་གཅིག”གིས་རྒྱལ་ཁབ་ཁག་གི་དགོས་མཁོར་ལྟ་རྟོག་དང་སྐམ་མཚོ་ཁ་ཕྱོགས་ཆེན་པོ་གཉིས་སྤྱི་འདོམས་བྱས་ཚེ་ཁྱབ་རྒྱ་ཆེ་བ་དང་བསྟུན་མཁས་ཆེ་བ། ཁྱབ་འགྱེད་ཀྱི་ནུས་པ་ཆེན་པོ་ཡོད། གསུམ། འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཚད་བརྒལ་བྱེད་སར་བྱས་ནས་ཨེ་ཤེ་ཡ་ཕན་ཚུན་མཐུད་འབྲེལ་ལ་གྲུབ་འབྲས་སྔ་ཙམ་ཐོབ་པ་བྱེད་པ་དང་ཀྲུང་གོ་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ལྕགས་ལམ་དང་གཞུང་ལམ་རྣམ་གྲངས་སྔོན་ལ་བཀོད་སྒྲིག་བྱེད་དགོས།  བཞི།མ་དངུལ་མཉམ་འདྲེས་ཀྱི་སྟེགས་བུ་འཛུགས་རྒྱུ་དམ་འཛིན་བྱེད་སར་བརྩིས་ནས་ཨེ་ཤེ་ཡ་ཕན་ཚུན་མཐུད་འབྲེལ་གྱི་དཀའ་གནད་སེལ་དགོས། ངས་ཀྲུང་གོས་ཨ་སྒོར་དུང་ཕྱུར400བཏང་ནས་དར་གོས་འདྲེན་ལམ་གྱི་ཐེབས་རྩ་འཛུགས་རྒྱུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན། དར་གོས་འདྲེན་ལམ་གྱི་ཐེབས་རྩ་ནི་སྒོ་དབྱེ་རྣམ་པ་ཞིག་ཡིན་པས་ཨེ་ཤེ་ཡའི་ས་ཁོངས་ཕྱི་ནང་གི་མ་དངུལ་འཇོག་མཁན་དེའི་ནང་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ལྔ། སྤྱི་ཚོགས་ཀྱི་རིག་གནས་སྤེལ་རེས་སྒྲོག་ཐག་ཏུ་བྱས་ནས་ཨེ་ཤེ་ཡའི་ཕན་ཚུན་མཐུད་འབྲེལ་གྱི་སྤྱི་ཚོགས་གཞི་རྩ་བརྟན་དུ་གཏོང་དགོས། འབྱུང་འགྱུར་ལོ་ལྔའི་རིང་ཀྲུང་གོས་མཐའ་འཁོར་རྒྱལ་ཁབ་ལ་ཕན་ཚུན་མཐུད་འབྲེལ་བྱེད་མཁན་མི་ཁྲི་གཉིས་གསོ་སྦྱོང་བྱ་རྒྱུ་བཅས་ཡིན།    མཇུག་ཏུ་ཞི་ཅིན་ཕིང་གིས་ང་ཚོས་ཏན་ཏན་ཏིག་ཏིག་ངང་ཕན་ཚུན་མཐུད་འབྲེལ་གྱི་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་དང་ཨེ་ཤེ་ཡའི་ས་ཁོངས་ཀྱི་མཉམ་ལས་ལེགས་སུ་བཏང་སྟེ་འཕེལ་རྒྱས་དང་ལས་དབང་གི་ཐུན་མོང་གི་སྒྲིག་གཞི་འཛུགས་དགོས་ཞེས་ནན་གསུང་གནང་བ་རེད།     ཚོགས་ཞུགས་འགོ་ཁྲིད་ཀྱིས་རྒྱལ་ཁབ་ཁག་གིས་རྨང་གཞིའི་སྒྲིག་བཀོད་དང་།དཔལ་འབྱོར་བར་འཁྱམས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་།ཚོང་དོན་དང་།འགྲིམ་འགྲུལ།དངུལ་རྩ།སྤྱི་ཚོགས་དང་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱོན་ཡོངས་ཀྱི་ཕན་ཚུན་མཐུད་འབྲེལ་ལ་སྐུལ་མ་གཏོང་བ།ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དེ་བས་སྒོ་དབྱེའི་ཨེ་ཤེ་ཡ་དཔལ་འབྱོར་གྱི་རྣམ་པ་གཏོད་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་བ་སྐྲུན་དགོས་པར་མགྲིན་གཅིག་ཏུ་ངོས་འཛིན་གནང་བ་རེད།ཕྱོགས་ཁག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ཁུལ་གཅིག་ལམ་གཅིག་”གྲོས་འགོ་གལ་ཆེར་ཚད་མཐོའི་བསྔགས་བརྗོད་དང་།ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་འཛུགས་རྒྱུར་རྒྱབ་སྐྱོར།ཀྲུང་གོས་དར་གོས་ལམ་བུའི་ཐེབས་རྩ་བཙུགས་པར་ཚད་མཐོའི་གདེང་འཇོག་བཅས་གནང་བ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་འབྲེལ་ཡོད་བསམ་གཞིག་དང་འདོད་ཚུལ་དེ་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམས་པ་དང་རྒྱལ་ཁབ་ཁག་ལ་གོ་སྐབས་གལ་ཆེན་མཁོ་འདོན་བྱས་པས་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་།བརྟན་ལྷིང་།དར་རྒྱས་བཅས་ལ་སྐུལ་མ་གཏོང་རྒྱུར་ཕན་ཐོགས་ཡོད་པས་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་ངོས་འཛིན་དང་རྒྱལ་ཁབ་ཁག་གིས་ཀྲུང་གོ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཐོག་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་རྒྱུའི་རེ་བ་གནང་གི་ཡོད་པ་རེད།
    ཚོགས་འདུའི་ཐོག《ཕན་ཚུན་མཐུད་འབྲེལ་གྱི་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་པའི་གླེང་མོལ་ཚོགས་འདུའི་མཉམ་འབྲེལ་གྱི་གསར་འགྱུར་སྤྱི་བསྒྲགས》སྤེལ་བ་རེད།
  
    
 
 
 
 
 
 
 
 
 
 
 
  • ལེ་ཚན་སྔོན་མ།:བོད་ལྗོངས་དཔེ་མཛོད་ཁང་གིས་རྒན་རྒོན་ཚོ་དཔེ་གཟིགས་གནང་བར་གདན་འདྲེན་ཞུས།
  • ལེ་ཚན་རྗེས་མ།:ཀྲང་ཏི་ཅང་གིས་ཕེ་རུ་རྒྱལ་ཁབ་ཀྱི་ཙུང་ཐུང་ཝུའུ་མཱ་ལར་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།