དཔའ་བརྟན་རྒྱལ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-09-11
ཟླ9བའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཞི་ལ་ལིས་ཁི་ལིན་ཏུན་ལ་མཇལ་འཕྲད་གནང་།
ཟླ9བའི་ཚེས5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཞི་ལ་ལིས་ཁི་ལིན་ཏུན་ལ་མཇལ་འཕྲད་གནང་། ཧུའུ་ཅིན་ཐའོ་ཡིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ་ཕྱོགས་གཉིས་ཀྱིས་འབད་བརྩོན་བྱས་འོག ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྤྱིའི་ཆ་ནས་གཏན་འཇགས་ངང་འཕེལ་རྒྱས་སུ་སོང་བ་དང་། ཕྱོགས་གཉིས་ཀྱིས་ཧུར་ཐག་གི་སྒོ་ནས་ཕན་ཚུན་ལ་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འཐབ་ཇུས་དོན་སྙིང་དང་འཛམ་གླིང་ཡོངས་ཀྱི་ཤུགས་རྐྱེན་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པས། ང་ཚོས་ལྡབ་འགྱུར་གྱིས་གཅེས་སྤྲས་དང་སྲུང་སྐྱོང་བཟང་བོ་བྱེད་པར་རིན་ཐང་ཆེན་པོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་ཕན་ཚུན་བར་གྱི་གྲོས་མོལ་དང་མཐུན་སྦྱོར། གཞོགས་འདེགས་བཅས་ལ་ཤུགས་བསྣན་ནས་འགལ་བ་སྣ་ཚོགས་མེད་པར་དུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་ཁག་ཐེག་བྱེད་འདོད་ཡོད་ཟེར།
ཧུའུ་ཅིན་ཐའོ་ཡིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་དང་ཐ་ན་འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་དང་འཕེལ་རྒྱས་སུ་འགྲོ་བར་ཤུགས་རྐྱེན་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་ཕན་ཚུན་བར་གྱི་མཉམ་ལས་སྦས་ཤུགས་སྔོག་འདོན་བྱེད་པར་འབད་བརྩོན་བྱས་ནས། ཉོ་ཚོང་དང་དངུལ་གཏོང་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་ཉོང་ཚོང་མཉམ་ལས་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས། དེ་དང་མཉམ་དུ་ཕྱོགས་གཉིས་ཀྱི་ཉོ་ཚོང་འབྲེལ་བའི་ཁྲོད་དུ་གནས་པའི་གནད་དོན་སྣ་ཚོགས་ཐག་གཅོད་གང་ལེགས་བྱས་ཏེ། ཉོ་ཚོང་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བར་སྔོན་འགོག་བྱེད་པ་དང་ཀྲུང་གོའི་ཁེ་ལས་ཨ་མེ་རི་ཁར་སོང་ནས་མ་དངུལ་གཏོང་བར་དྲང་བདེན་གྱི་འགྲན་རྩོད་ཁོར་ཡུག་ཅིག་བསྐྲུན་དགོས་ཟེར།
ཞི་ལ་ལིས་ཁི་ལིན་ཏུན་གྱིས་བསྟན་དོན། འདས་ཟིན་པའི་ལོ་ངོ་གསུམ་ལྷག་གི་རིང་ལ་ཨ་མེ་རི་ཁ་དང་ཀྲུང་གོ་གཉིས་ཀྱིས་མཐུན་སྦྱོར་དམ་ཟབ་དང་གྲོས་མོལ་མཉམ་ལས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྨང་གཞི་སྲ་བརྟན་དུ་བཏང་། མིག་སྔར་འཛམ་གླིང་ཡོངས་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་བར་ཅི་ལྟ་བུའི་འབྲེལ་བ་ཞིག་འཛུགས་རྒྱུར་དོན་སྙིང་གལ་ཆེན་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་རྒྱ་བསྐྱེད་དེ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ནུས་ཁུངས་གསར་བ། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་འབྲེལ་བར་སྔར་ལས་སྐུལ་འདེད་གཏོང་འདོད་ཡོད་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10