ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-09-04
གཅོད་པ་དོན་འགྲུབ་ཀྱིས་གཙོ་སྒྲུབ་གནང་བའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་
ཐེབས་རྩའི་ལས་གཞི་སྟེ《བོད་ཁུལ་གྱི་གེ་སར་སྒྲུང་བ་སྔོག་བཤེར་
དང་ཞིབ་འཇུག》ཅེས་པའི་ཆེད་དོན་མཇུག་སྒྲིལ་བ།
མིག་སྔར། 《གེ་སར》ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཅོད་པ་དོན་འགྲུབ་ཀྱིས་གཙོ་སྒྲུབ་གནང་བའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་སྟེ《བོད་ཁུལ་གྱི་གེ་སར་སྒྲུང་བ་སྔོག་བཤེར་དང་ཞིབ་འཇུག》(ལས་གཞིའི་ཆོག་མཆན་ཨང་། 09AZW002)ཅེས་པ་ཆེད་མཁས་པས་དཔྱད་བཤེར་དང་རྒྱལ་ཁབ་མཚན་ཉིད་སྤྱི་ཚོགས་ཚན་རིག་འཆར་འགོད་ཁང་གིས་ཆོག་མཆན་བྱས་པར་བརྒྱུད་བདེ་བླག་ངང་ཆེད་དོན་མཇུག་སྒྲིལ་བ་དང་ཨང་རིམ་ལེགས་པོར་གཏན་འབེབས་གནང་།
ལས་གཞི་འདིས་བོད་ཁུལ་གྱི《གེ་སར》སྒྲུང་བ་དང་བོད་ཁུལ་གྱི་མི་རིགས་གཞན་པའི《གེ་སར》སྒྲུང་བར་ཕྱོགས་ཡོངས་ནས་ཞིབ་ཚགས་སྒོས་སྔོག་བཤེར་དང་། ངོ་མཚར་ཆེ་བའི་སྒྲུང་བ་དང་དཀའ་གནད་དག་ལ་ནན་ཏན་གྱིས་རྟོག་དཔྱད་ཞིབ་འཇུག་བྱས་ཏེ་སོ་སོའི་ལྟ་ཚུལ་བཏོན་པ་དང་བསྟུན་ཕྱོགས་ཡོངས་ནས་སྤྱི་བསྡོམས་མཛད་ཅིང་། འདིས་གནའ་བོའི་བོད་ཀྱི་སྤྱི་ཚོགས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། དམག་དོན། དམངས་སྲོལ་དང《གེ་སར》ལོ་རྒྱུས་སྙན་རྩོམ་བཅས་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱེད་པར་རིན་ཐང་ལྡན་པའི་རྒྱུ་ཆ་མཁོ་སྤྲོད་བྱས་ཡོད།
དེ་ཡང་ལས་གཞི་འདིར་ཚད་མཐོའི་རིག་གཞུང་གི་རིན་ཐང་ཆེ་ཆེར་ལྡན་ཞིང་གཙོ་ཆེར་ཕྱོགས་ལྔ་ནས་མངོན་པར་མཚོན་པ་སྟེ། གཅིག་ནས《གེ་སར》སྒྲུང་བ་ནི་ལོ་རྒྱུས་སྙན་རྩོམ་འདིའི་གསར་གཏོད་པ་དང་རྒྱུན་འཛིན་པ་ཡིན་ཚུལ་དང་ཁོ་ཚོའི་བླ་ན་མ་མཆིས་པའི་མཛད་རྗེས་བརྗོད་ཡོད། གཉིས་ནས་འདིའི་ནང་ཨ་མདོ་དང་དབུས་གཙང་། ཁམས་ཀྱི་མིང་གྲགས《གེ་སར》སྒྲུང་བ་དག་ཡོངས་སུ་འདུས་ཤིང་ལོ་རྒྱུས་སུ་རྒྱལ་ཁང་ཕྱི་ནང་གི་ཤེས་ཡོན་པ་སུས་ཀྱང་འདིའི་ཐད་ནས་ཕྱོགས་ཡོངས་ཀྱི་སྔོག་བཤེར་དང་ཞིབ་འཇུག་བྱས་མ་མྱོང་བའི་སྟོང་ཆ་བསྐངས་ཡོད། གསུམ་ནས《གེ་སར》སྒྲུང་བར་རིགས་དབྱེའི་སྒོ་ནས་ཞིབ་འཇུག་བྱས་པ་དང་། 《གེ་སར》སྒྲུང་བའི་ངོ་མཚར་གྱི་རྣམ་པ་གྲུབ་པའི་ཐད་ནས་བགྲོ་གླེང་མཛད་དེ་དངོས་ཡོད་དང་མཐུན་པའི་སྤྱི་བསྡོམས་གནང་། བཞི་ནས《གེ་སར》སྒྲུང་བའི་རྒྱུན་འཛིན་ནུས་ཤུགས་མངོན་པར་མཚོན་སླད་པར་རིས250ལྷག་ཡི་གེ་དང་ཟུང་དུ་སྤེལ་ཡོད། དེར་མ་ཟད་ཐོག་དང་པོར་སྒྲུང་བའི་འཚོ་སྡོད་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་གལ་ཆེན་རང་བཞིན་བསྟན། ལྔ་ནས་ལས་གཞི་འདི་ཞིབ་འཇུག་བྱེད་པའི་རྒྱུ་ཆ་མང་ཆེ་བ་ནི་ཡུལ་དངོས་གཟིགས་ཞིབ་བྱས་པ་ལས་བྱུང་བར་བརྟེན་ཡིད་རྟོན་བྱེད་རུང་བ་དང་རིན་ཐང་ཆེན་པོ་ལྡན་གྱི་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10