ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་གསུམ་རིང་གི་འགྲེམ་སྟོན་ཁག་དང་པོ་མཚམས་འཇོག་བྱས་རྗེས། སྤྱི་ཟླ་10པའི་ཚེས་30ཉིན། སྐབས་བཅོ་ལྔ་པའི་ནུབ་རྒྱུད་བཤམ་སྟོན་འདུ་ཚོགས་ཀྱི་འགྲེམ་སྟོན་ཁག་གཉིས་པ་དངོས་སུ་འགོ་བརྩམས་ཤིང་། ཐེངས་འདིའི་འགྲེམ་སྟོན་གྱི་བརྗོད་དོན་ནི་ཁག་དང་པོའི་བརྗོད་དོན་གྱི་བཟོ་ལས་འགྲེམ་སྟོན་གཙོ་བོར་བཟུང་ཐོག མ་དངུལ་གཏོང་འཇོག་ལ་སྐུལ་འདེད་བཏང་སྟེ། འགྲེམ་སྟོན་གཙོ་བོ་ནི་འཛད་སྤྱོད་དངོས་རྫས་བྱེད་པར་བསྒྱུར་རྒྱུ་དེ་ཡིན་ལ། དེ་ལྟར་བྱས་ནས་ཚོང་དོན་མཉམ་ལས་འབུར་དུ་ཐོན་པར་བྱ་དགོས། གོ་བདེ་རུ་བཤད་ན། ཐེངས་འདིར། འགྲེམ་སྟོན་ཁང་དུ་བཤམས་པའི་དངོས་རྫས་ཚང་མ་ཁྱེད་ཀྱི་མིག་གིས་ལོངས་སུ་སྤྱོད་ཆོག་པར་མ་ཟད། ལག་པས་རེག་ཆོག་ལ། དེ་བས་ཀྱང་ཁྱེད་ཀྱིས་ཉོས་ཏེ་རང་གི་ཁྱིམ་དུ་འཁྱེར་ཆོག་པ་ཞིག་ཡིན།
གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། འགྲེམ་སྟོན་ཁག་གཉིས་པར་ཞིང་ལས་ཐོན་རྫས་དང་རིན་ཆེན་རྒྱན་ཆའི་རིགས། རྒྱལ་ཁབ་ཕྱི་ནང་གི་དངོས་རྫས་གྲགས་ཅན་གྱི་རིགས། དེ་མིན་རྒྱུག་ཆེ་བའི་ཁྱིམ་ཆས་རིགས་ཀྱི་འགྲེམ་ཁུལ་དང་། ཁང་པའི་ཕྱི་རོལ་གྱི་འགྲེམ་ཁུལ། ཁྱད་ལྡན་འགྲེམ་ཁུལ་བཅས་ཀྱི་འགྲེམ་ཁུལ་ཡོད་ལ། ཞིང་ལས་ཁྱད་ཐོན་དངོས་རྫས་དང་། རིན་ཆེན་རྒྱན་ཆ། ཡ་གླིང་ཤར་ལྷོའི་རྒྱལ་ཁབ་ཁག་གི་ཁྱད་ཐོན་ཚོང་རྫས། ཁྱིམ་ཆས་སོགས་འཛད་སྤྱོད་དངོས་རྫས་ཚང་མ་འགྲེམ་ཁུལ་འདི་དག་གི་ནང་དུ་རྙེད་ཐུབ། བོད་ཁུལ་གྱི་ཁྱད་རྫས་ཞེས་པའི་འགྲེམ་ཁུལ་དུ་མཐོ་སྒང་གི་ཞིང་ལས་ཐོན་རྫས་སྣ་ཚོགས་ཤིག་འགྲེམ་སྟོན་བྱས་ཡོད་པས་བོད་ཁུལ་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་དེ། དཔེར་ན། སྐམས་ཤ་དང་འབྲི་ཞོ། མཐོ་སྒང་གི་རུ་སྐྱེས་ཤྭ་མོ། གདོད་སྐྱེས་ཚལ་རིགས་སོགས་ཡོད་ལ། བོད་ཀྱི་ཐོན་རྫས་འདི་དག་ལ་སྐུ་མགྲོན་ཚང་མས་དགའ་བསུ་ཆེན་པོ་བྱེད་བཞིན་འདུག
ཐེངས་འདིར་བློ་བཟང་ཉི་མའི་ཚོང་རྫས་བོད་ཀྱི་འབྲི་ཞོ་འགྲེམ་སྟོན་བྱས་ཡོད་དེ། ཁོང་གིས་འབྲོག་པའི་ཕྱུགས་ལས་ཐོན་རྫས་དེང་རབས་ཀྱི་ལག་རྩལ་ལ་བརྟེན་ཏེ་ཐོན་སྐྱེད་བྱས་ནས་དེང་རབས་ཚོང་རའི་ནང་དུ་བགྲོད་ཐུབ་པའི་ཆེད་དུ། 2012ལོར་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཟངས་དཀར་སྟོད་ནོར་གནག་ཐོན་རྫས་ཕྱིར་འཚོང་ཆེད་གཉེར་མཉམ་ལས་ཁང་བཙུགས་པ་དང་། དེའི་རྗེས་སུ་རིམ་བཞིན་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཟངས་དཀར་འབྲོག་སྡེ་རུ་དེང་རབས་ཀྱི་བཟོ་གྲྭའི་ཐོན་སྐྱེད་ཁང་བ་འཛུགས་སྐྲུན་བྱས་པ་དང་དེང་རབས་ཐོན་སྐྱེད་མ་ལག་གི་འཕྲུལ་ཆས་ཆ་ཚང་སྒྲིག་སྦྱོར་བྱས་ཤིང་། མཉམ་ལས་ཁང་འདི་མ་བཙུགས་གོང་དུ་ཟངས་དཀར་ས་ཆའི་འབྲི་འོའི་གོང་ཚད་དམངས་སྒོར་1.8ཙམ་ཡིན་པ་དེ་ཕལ་ཆེར་གྲོང་ཁྱེར་ནང་གི་གཏེར་ཆུའི་རིན་གོང་དང་འདྲ་མཚུངས་རེད། མཉམ་ལས་ཁང་གིས་ཐབས་བརྒྱ་ཇུས་སྟོང་གིས་འབྲི་འོའི་རིན་གོང་མཐོ་ཐབས་ལ་འབད་པ་ཧུར་ལེན་བྱས་པས། མིག་སྔར་ཟངས་དཀར་འབྲོག་སྡེའི་འབྲི་འོའི་རིན་གོང་དེ་དམངས་སྒོར་3.5ཡར་མར་ལ་མཐོ་ཐུབ་པ་བྱུང་ཡོད། །