ཝུན་ཅ་པའོ་ཡིས་མགོ་འཛིན་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

བཀྲ་ཤིས་འབུམ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-08-01

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཚེས30ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། དམངས་ཁྲོད་ཀྱི་དངུལ་གཏོང་མཁན་ལ་སྐུལ་མ་གཏོང་བའི་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ་གཏན་འཁེལ་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། ཁེ་ལས་ཀྱིས་ལག་རྩལ་སྒྱུར་བཀོད་བྱེད་པར་ཡར་སྐུལ་དང་རྒྱབ་སྐྱོར་བྱེད་པའི་བྱ་བ་བཀོད་སྒྲིག་བྱས།

    ཚོགས་ཐོག་ནས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་བྱས་རྗེས། རང་རྒྱལ་གྱི་སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་དེ་མེད་པ་ནས་ཡོད་པ་དང་ཆུང་བ་ནས་ཆེ་རུ་འཕེལ་རྒྱས་སུ་སོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གོ་གནས་དང་ནུས་པ་ཉིན་རེར་ཇེ་མཐོར་སོང་བར་མ་ཟད། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཚན་རྩལ་གསར་སྐྲུན་ལ་ཡར་སྐུལ་བྱེད་པ། ཐོན་ལས་སྒྲིག་གཞི་སྙོམས་སྒྲིག་བྱེད་པ། གྲོང་གསེབ་ཚོང་ར་དར་རྒྱས་སུ་གཏོང་བ། སྤྱི་ཚོགས་ལས་ཞུགས་རྒྱ་བསྐྱེད་པ་བཅས་ཀྱི་སྟོབས་ཤུགས་གཙོ་བོར་གྱུར་ཡོད། འགྱུར་བ་མེད་པ་གཉིས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དམངས་ཁྲོད་དངུལ་གཏོང་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་དང་སྣེ་ཁྲིད་བྱས་པ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱེད་པར་ཐད་ཀར་དུ་འབྲེལ་བ་ཡོད་པ་དང་། འདྲ་མཉམ་དང་དངོས་དབང་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་ལ་འབྲེལ་བ་ཡོད་ཅིང་། འདྲ་མཉམ་འགྲན་རྩོད་ཀྱི་ཚོང་རའི་ཁོར་ཡུག་བསྐྲུན་པར་འབྲེལ་བ་ཡོད་པ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་སྐུལ་བ་དང་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བར་འབྲེལ་བ་ཡོད། ཉིས་སྟོང་བཅུ་ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམངས་ཁྲོད་དངུལ་གཏོང་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་དང་སྣེ་ཁྲིད་བྱེད་པའི་སྐོར་གྱི་བསམ་འཆར་འགའ་འགྲེམ་སྤེལ་དང་ལག་བསྟར་བྱས་རྗེས་དང་ལྷག་པར་དུ་ད་ལོར་འབྲེལ་ཡོད་སྡེ་ཁག་སོ་སོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་དང་དངོས་འབེབས་བཟང་བོ་བྱས་ཏེ། དངུལ་གཏོང་ཆ་རྐྱེན་ཇེ་དམའ་རུ་གཏོང་བ་དང་འདྲ་མཉམ་འགྲན་རྩོད་ཆ་རྐྱེན་བསྐྲུན་རྒྱུ་གཙོ་བོར་བཟུང་བོར་མ་ཟད། རྣམ་གྲངས་ཞེ་གཉིས་དང་དོན་ཚན་གསར་བ་སོ་དྲུག་ལག་བསྟར་བྱེད་པའི་སྒྲིག་སྲོལ་ཞིབ་ཕྲ་གཏན་འཁེལ་བྱས། སྒྲིག་སྲོལ་ཞིབ་ཕྲ་འདི་དག་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བའི་ལས་རིགས་སོ་སོ་དང་འབྲེལ་བ་ཡོད་པར་མ་ཟད། དམངས་ཁྲོད་དངུལ་གཏོང་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་བཀག་རྐྱེན་སེལ་བའི་ཕྱོགས་ནས་ངོ་བོ་རང་བཞིན་གྱི་འགྱུར་ལྡོག་གསར་བ་བྱུང་ཟེར།

    ཚོགས་ཐོག་ནས་ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ནུས་ལྡན་བྱེད་ཐབས་སྤྱད་དེ་སྲིད་ཇུས་སྣ་ཚོགས་ས་ཆ་ཀུན་ཏུ་དངོས་འབེབས་བཟང་བོ་བྱེད་རྒྱུར་འགན་སྲུང་བྱས་ནས། དམངས་གཉེར་དཔལ་འབྱོར་དང་བཅས་པའི་རིགས་སོ་སོའི་ཚོང་རར་འདྲ་མཉམ་དང་མངོན་གསལ་སོགས་ཀྱི་ཚོང་རའི་ཁོར་ཡུག་བསྐྲུན་པ་དང་། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་གྱིས་ཁྲིམས་ལྟར་འདྲ་མཉམ་སྒོས་ཐོན་སྐྱེད་རྒྱུ་རྐྱེན་བཀོལ་སྤྱོད་དང་འདྲ་མཉམ་སྒོས་ཚོར་རའི་འགྲན་རྩོད་ལ་ཞུགས་པ། འདྲ་མཉམ་དང་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པའི་སྒྲིག་སྲོལ་ཁོར་ཡུག་ལོངས་སུ་སྤྱོད་དུ་འཇུག་དགོས། གཅིག་ནས་ལྕགས་ལམ་དང་སྲིད་གཞུང་། ནུས་ཁུངས། གློག་འཕྲིན། དངུལ་ལོར། འཕྲོད་བསྟེན། སློབ་གསོ་སོགས་ཁྱབ་ཁོངས་ནས་དམངས་ཁྲོད་ནས་མ་དངུལ་གཏོང་བའི་ལས་གཞི་གཙོ་བོ་སྐོར་ཞིག་བཀོད་སྒྲིག་བྱས་ནས་དཔེ་སྟོན་ནུས་ཁྲིད་ཀྱི་ནུས་པ་འདོན་དགོས། གཉིས་ནས་སྒྲིག་སྲོལ་ཞིབ་ཕྲ་ལག་བསྟར་བྱས་པའི་གནས་ཚུལ་དང་གྲུབ་འབྲས་ལ་དུས་ཐོག་ཏུ་ཞིབ་བཤེར་བྱས་ཏེ་མུ་མཐུད་ནས་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་བཏང་ནས་ལག་བསྟར་ནུས་པ་ཇེ་ཆེར་གཏོང་དགོས། ཁེ་ལས་ལ་བསམ་འཆར་ཡོད་པའི་ལས་རིགས་ཁ་ཤས་ཀྱི་སྒྲིག་སྲོལ་དང་ཚད་གཞི། ཆ་རྐྱེན་བཅས་དེ་འདྲ་གསལ་བོ་མིན་པ་སོགས་ཀྱི་གནད་དོན་ལ་མྱུར་དུ་ཞིབ་འཇུག་བྱས་ནས་ཐག་གཅོད་དགོས། གསུམ་ནས་ལས་རིགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་མྱུར་དུ་ལག་བསྟར་བྱེད་དགོས། སྲིད་འཛིན་གྱི་ཞིབ་བཤེར་དང་ཆོག་མཆན་འགོད་པའི་ལམ་ལུགས་ལ་བཅོས་སྒྱུར་བྱས་ཏེ། སྲིད་འཛིན་གྱི་ཞིབ་བཤེར་དང་ཆོག་མཆན་འགོད་པའི་བྱ་བར་གཙང་བཤེར་དང་སྙོམས་སྒྲིག་བྱས་ནས། སྲིད་གཞུང་དང་ཚོང་རའི་འབྲེལ་བ་མཐུན་སྦྱོར་བྱེད་དགོས། བཞི་ནས་དམངས་ཁྲོད་ཀྱི་མ་རྩ་དང་དམངས་གཉེར་ཁེ་ལས་ལ་སྣེ་ཁྲིད་བྱེད་པར་ཤུགས་བསྣན་ནས་དམངས་གཉེར་དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན། ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ལམ་ཆེད་དོན་ལྟ་རྟོག་ཞིབ་བཤེར་རྩ་འཛུགས་བྱེད་རྒྱུ་ཐག་བཅད། ཚོགས་ཐོག་ནས་བསྟན་དོན། རང་རྒྱལ་གྱི་བཟོ་ལས་དེ་ཆེ་བ་ནས་སྟོབས་ལྡན་དུ་འགྱུར་བའི་དུས་སྐབས་སུ་གནས་ཡོད། རྒྱལ་སྤྱིའི་དངུལ་ལོར་ཉམས་ཉེན་གྱི་ཤུགས་རྐྱེན་ཐེབས་ཚད་སྔར་བཞིན་མངོན་གསལ་ཡིན་པ་དང་རྒྱལ་ནང་གི་དཔལ་འབྱོར་ཉམས་རྒུད་དུ་གྱུར་བའི་གནོན་ཤུགས་ཆེ་བའི་གནས་ཚུལ་འོག ཕན་ནུས་ལྡན་པའི་སྲིད་ཇུས་དང་བྱེད་ཐབས་སྤྱད་དེ་ཁེ་ལས་ཀྱིས་ལག་རྩལ་གསར་བ་དང་བཟོ་རྩལ་གསར་བ། སྒྲིག་ཆས་གསར་བ། རྒྱུ་ཆ་གསར་བ་བཀོལ་བར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱས་ནས། ད་ཡོད་ཀྱི་སྒྲིག་ཆས་དང་བཟོ་རྩལ་ཆ་རྐྱེན། དེ་མིན་ཐོན་སྐྱེད་ཞབས་ཕྱི་སོགས་ལ་སྒྱུར་བཀོད་བྱེད་པ་དང་གསར་སྐྲུན་དང་འགྲན་རྩོད་ནུས་པ་ཇེ་ཆེར་བཏང་ནས་ཐོན་ལས་ཀྱི་རིམ་པ་མྱུར་དུ་ཇེ་མཐོར་གཏོང་དགོས། དེ་ནི་སྒྲིག་གཞི་སྙོམས་སྒྲིག་དང་འཕེལ་སྟངས་བསྒྱུར་བར་སྐུལ་འདེད་གཏོང་བ་དང་བཟོ་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བ། ལུགས་མཐུན་སྒོས་མ་དངུལ་གཏོང་བ་དང་འཛད་སྤྱོད་པའི་དགོས་མཁོ་རྒྱ་བསྐྱེད་པ། དཔལ་འབྱོར་བརྟན་བརླིང་དང་ཅུང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ཡོད་ཟེར།

    ཚོགས་ཐོག་ནས་ཁེ་ལས་ཀྱིས་ལག་རྩལ་སྒྱུར་བཀོད་བྱེད་པར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱེད་པའི་ཁ་ཕྱོགས་གཙོ་བོ་གཏན་འཁེལ་བྱས། གཅིག་ནི་ལག་རྩལ་གསར་སྐྲུན་དང་ཚན་རྩལ་གྲུབ་འབྲས་ཐོན་ལས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་ནས། སྔོན་ཐོན་ལག་རྩལ་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། གཉིས་ནི་སྔོན་ཐོན་གསར་བཟོ་མ་ལག་དང་ནུས་ལྡན་གསར་བཟོ་སྒྲིག་ཆས། ཆེ་ཕྱོགས་ཀྱི་ཆ་ཚང་ལག་རྩལ་སྒྲིག་ཆས་བཅས་མྱུར་དུ་ཁྱབ་གདལ་དུ་གཏོང་བ་དང་བཀོལ་སྤྱོད་བྱེད་དགོས། ཁེ་ལས་གཙོ་བོས་འཛམ་གླིང་གི་སྔོན་ཐོན་ལག་རྩལ་ལ་དམིགས་པར་རྒྱབ་སྐྱོར་བྱེད་པ་དང་། སྒྲིག་ཆས་ལ་མྱུར་དུ་བསྒྱུར་བཀོད་བྱས་ནས་གནད་འགག་ཁྱབ་ཁོངས་ཀྱི་ལག་རྩལ་སྒྲིག་ཆས་ཀྱི་ཆུ་ཚད་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་བསླེབ་པར་སྐུལ་འདེད་གཏོང་དགོས། གསུམ་ནི་རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་ནུས་ཁོངས་གྲོན་ཆུང་དང་ཆུ་གྲོན་ཆུང་། རྒྱུ་ཆ་གྲོན་ཆུང་བཅས་ཀྱི་ལག་རྩལ་དང་བཟོ་རྩལ་མྱུར་དུ་ཁྱབ་གདལ་དུ་བཏང་སྟེ། ནུས་ཁུངས་ཐོན་ཁུངས་བཀོལ་སྤྱོད་བྱེད་པའི་ནུས་པ་ཇེ་ཆེར་གཏོང་བ་དང་དག་གཙང་ཐོན་སྐྱེད་ལག་རྩལ་ཁྱབ་གདལ་དུ་གཏོང་ཚད་ཇེ་ཆེར་གཏོང་དགོས། བཞི་ནི་ཞིབ་ཚགས་གསར་བཟོ་ལ་སྐུལ་འདེད་གཏོང་བ་དང་བཟོ་རྩལ་བརྒྱུད་རིམ་བསྒྱུར་བཀོད་བྱས་ནས་གསར་བཟོའི་ཆུ་ཚད་ཇེ་མཐོར་གཏོང་དགོས། ལྔ་ནི་ཆ་འཕྲིན་ལག་རྩལ་མྱུར་དུ་བཀོལ་སྤྱོད་བྱེད་པ་དང་། དེང་རབས་ཐོན་སྐྱེད་དོ་དམ་མ་ལག་སོགས་གནད་འགག་གི་ལག་རྩལ་སྣ་ཚོགས་མྱུར་དུ་ཁྱབ་གདལ་དུ་གཏོང་བ་དང་བཀོལ་སྤྱོད་བྱས་ནས། ཆ་འཕྲིན་ཅན་དང་བཟོ་ལས་ཅན་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་དགོས་པ་བཅས་རེད།

    ཚོགས་ཐོག་ནས་ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་བཀོད་སྒྲིག་བྱས་ཏེ་ལས་རིགས་གཙོ་བོས་ལག་རྩལ་བསྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཐག་བཅད། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཁེ་ལས་ཀྱིས་ལག་རྩལ་བསྒྱུར་བཀོད་བྱེད་པར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་གཙོར་འཛིན་པ་དང་ཚོང་རར་ཁ་ཕྱོགས་པ། ཕན་འབྲས་ལ་ཡིད་འཇོག་བྱེད་པ། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཡིད་འཇོག་བྱེད་དགོས་ཟེར། །

  • ལེ་ཚན་སྔོན་མ།:མཚོ་སྔོན་པོ་རྐང་ཚའི་སྐབས་དང་པོའི་སྦྲ་གུར་གྱི་འགྲན་བསྡུར་སྤེལ་བ།
  • ལེ་ཚན་རྗེས་མ།:རི་བོ་དགེ་ལྡན་པའི་གསུང་རབ་དཔེ་ཚོགས་པར་བསྐྲུན་བྱས།
  • དོ་སྣང་ཆེ་བའི་རྩོམ།