ཝུན་ཅ་པའོ་ཡིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

མཚོ་མོ་སྐྱིད། གཡང་མོ་སྒྲོལ་མ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-07-27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཚེས25ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ལས་གཉེར་དཔྱ་ཁྲལ་གྱི་ཟུར་སྣོན་དཔྱད་ཁྲལ་བཅོས་བསྒྱུར་ཚོད་ལྟའི་ཁྱབ་ཁོངས་རྒྱ་བསྐྱེད་རྒྱུའི་ཐག་བཅད་པ་དང་། དབུས་རྒྱུད་ས་ཆ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་སྔར་ལས་ལག་བསྟར་བྱེད་པ་དང་། མ་མཐའི་འཚོ་བའི་འགན་སྲུང་བྱ་བ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་ལས2012ལོའི་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ནས་ལོ་མཇུག་བར། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་ལས་གཉེར་ཟུར་སྣོན་དཔྱ་ཁྲལ་བཅོས་བསྒྱུར་གྱི་ཚོད་ལྟའི་ཁྱབ་ཁོངས་དེ་ཧྲང་ཧེ་གྲོང་ཁྱེར་ནས་སྐོར་བགོས་ཏེ་པེ་ཅིན་དང་ཐེན་ཅིན། ཅང་སུའུ། ཀྲེ་ཅང་། ཨན་ཧོས། ཧྥུའུ་ཅན། ཧུའུ་པེ། ཀོང་ཏུང་དང་ཞཱ་མིན། ཧྲིན་ཀྲིན་སོགས་ཞིང་ཆེན་དང་ཐད་གཏོགས་གྲོང་ཁྱེར་བཅུ་ལ་རྒྱ་བསྐྱེད་རྒྱུའི་ཐག་བཅད་པ་དང་། སང་ལོར་ཚོད་ལྟའི་ས་ཁུལ་མུ་མཐུད་དུ་རྒྱ་བསྐྱེད་དེ་ལས་རིགས་སྐོར་ཞིག་བདམས་ནས་རྒྱལ་ཡོངས་སུ་ཚོད་ལྟ་བྱེད་རྒྱུའི་ཐག་བཅད།

གྲོས་ཚོགས་ལས«དབུས་རྒྱུད་ས་ཁུལ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ཤུགས་ཆེན་པོས་ལག་བསྟར་བྱེད་པའི་བསམ་འཆར་རབ་དང་རིམ་པ»ཞེས་པར་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ལས་བསྟན་དོན། ཧྲན་ཞི་དང་ཨན་ཧོས། ཅང་ཞི། ཧི་ནན། ཧུའུ་པེ་དང་ཧུའུ་ནན་བཅས་ཞིང་ཆེན་དྲུག་ནང་དུ་གཏོགས་པའི་དབུས་རྒྱུད་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་ས་ཁོངས་འཕེལ་རྒྱས་རྣམ་པའི་ཁྲོད་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་ཟིན་ཡོད། དབུས་རྒྱུད་ས་ཁུལ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་མུ་མཐུད་དུ་ནུས་ཤུགས་ཆེན་པོས་ལག་བསྟར་བྱས་ཏེ་འཕེལ་སྟངས་བསྒྱུར་བའི་འཕེལ་རྒྱས་དང་མཐུན་སྦྱོར། རྒྱུན་མཐུད་འཕེལ་རྒྱས་བཅས་ལྷག་ཏུ་གཙིགས་སུ་བཟུང་ནས་དབུས་རྒྱུད་ས་ཁུལ་གྱི་ནང་མཁོའི་ཁྱད་ནུས་ཤུགས་ཆེན་གྱིས་སྐུལ་སྤེལ་བྱས་ཏེ། འཕེལ་རྒྱས་ཀྱི་བར་སྟོང་མུ་མཐུད་དུ་རྒྱ་བསྐྱེད་དེ། དབུས་རྒྱུད་ས་ཁུལ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་དགོས། གྲོས་ཚོགས་ལས་གཤམ་གྱི་ལས་འགན་གཙོ་བོ་གཏན་ཁེལ་བྱས་པ་སྟེ། གཅིག འབྲུ་རིགས་ཐོན་སྐྱེད་རྟེན་གཞི་དང་ནུས་ཁུངས་རྒྱུ་ཆ་རྟེན་གཞི། དེང་རབས་སྒྲིག་ཆས་བཟོ་སྐྲུན་དང་ལག་རྩལ་གསར་བའི་ཐོན་ལས་རྟེན་གཞི་བཅས་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། དེང་རབས་ཞིང་ལས་དཔེ་སྟོན་ས་ཁུལ་སྐོར་ཞིག་འཆར་འགོད་འཛུགས་སྐྲུན་བྱས་ནས་རྡོ་སོལ་རྟེན་གཞི་ཆེ་གྲས་དང་གསོག་འཇོག་ལྟེ་གནས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཡུལ་བབ་དང་བསྟུན་ནས་ནུས་ཁུངས་གསར་བའི་གློག་འདོན་ལ་སྐུལ་འདེད་དང་བཀོད་སྒྲིག་ལུགས་མཐུན་དང་བདེ་འཇགས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྒྱུ་ཆ་ལས་སྣོན་རྟེན་གཞི་འཛུགས་སྐྲུན་བྱས་ནས་འགྲན་རྩོད་ནུས་ཤུགས་གཙོ་བོ་ལྡན་པའི་གསར་དར་ཐོན་ལས་སྐོར་ཞིག་གྲུབ་པར་སྐུལ་འདེད་གཏོང་དགོས། གཉིས། སྐྱེལ་འདྲེན་བྱེད་ཐབས་སྣ་ཚོགས་གཅིག་གྱུར་འཆར་འགོད་ཀྱིས་འཕེལ་རྒྱས་སུ་གཏོང་བ་དང་། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་ནུས་པ་ཕྱོགས་ཡོངས་ནས་ཇེ་ཆེར་བཏང་སྟེ། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་ལྟེ་བའི་གོ་གནས་ཇེ་དྲག་ཏུ་གཏོང་དགོས། འབྲུ་ཆུ་དང་ཧོད་ཧི་གཙང་བོའི་བཞུར་རྒྱུན་དང་ཆུ་ཕྲན་གཙོ་བོའི་གྲུ་ལམ་དང་ནང་ལོགས་ཆུ་བོའི་གྲུ་ཁ་གཙོ་བོའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། ཡན་ལག་གནམ་གྲུ་ཐང་སྐོར་ཞིག་གསར་འཛུགས་དང་འཛུགས་སྐྲུན་རྒྱ་བསྐྱེད་དེ་ཀུན་སྤྱོད་མཁའ་འགྲུལ་འཕེལ་རྒྱས་སུ་གཏོང་དགོས། གསུམ། ས་ཁུལ་གཙོ་བོ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། ལུང་ཧའེ་དང་པེ་ཅིན་ནས་ཀོང་ཀྲིག་བར། པེ་ཅིན་ནས་ཅིག་ལུང་བར། འབྲུ་ཆུའི་བཞུར་རྒྱུན་བཅས་བརྒྱུད་པའི་དཔལ་འབྱོར་ས་ཁུལ་མྱུར་དུ་སྒྲིག་འཛུགས་བྱས་ཏེ་ཧྲན་ཞིའི་དབུས་ལྷོ་དང་ཨན་ཧོས་ཀྱི་ལྷོ་ཕྱོགས། ཅང་ཞིའི་ལྷོ་ཕྱོགས། ཧུའུ་ནན་གྱི་ལྷོ་ཕྱོགས་བཅས་ས་ཁུལ་གྱི་གསར་སྤེལ་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་འཕར་སྣོན་ས་ཁུལ་གསར་བ་སྐྱེད་སྲིང་བྱེད་དགོས། ལྟེ་གནས་གྲོང་ཁྱེར་གྱིས་འཐབ་ཇུས་སྣེ་ཁྲིད་བྱེད་པ་ལག་བསྟར་བྱེད་པ་དང་། རྫོང་མཁར་དང་ལྟེ་གནས་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་བཏང་སྟེ། ཞིང་སྡེ་ཡི་ཐོན་སྐྱེད་འཚོ་བའི་ཞབས་ཞུའི་ཕན་ནུས་ཇེ་དྲག་ཏུ་གཏོང་དགོས། བཞི། དར་རྒྱས་མིན་པའི་ས་ཁུལ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱེད་དགོས། འདུས་གྲུབ་དམིགས་བསལ་དབུལ་ཕོངས་ས་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་བཟོ་སྐྲུན་ལ་སྐུལ་འདེད་བཏང་ནས་བཟོ་ལས་རྙིང་བའི་རྟེན་གཞིའི་ལེགས་སྒྲིག་བསྒྱུར་བཀོད་ཀྱི་རྒྱབ་སྐྱོར་ནུས་ཤུགས་ཆེར་བསྐྱེད་ནས་ཐོན་ཁུངས་རང་བཞིན་གྱི་གྲོང་ཁྱེར་རྒྱུན་མཐུད་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་དགོས། ལྔ། དམངས་འཚོ་ལ་ངེས་པ་དོན་གྱིས་འགན་སྲུང་དང་ལེགས་བཅོས་བྱེད་དགོས། འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས་ལས་རིགས་སློབ་གསོ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་བཏང་སྟེ། དབུས་རྒྱུད་དང་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོའི་དར་སྤེལ་འཆར་གཞི་ལག་བསྟར་བྱས་ནས་ཞིང་སྡེ་རིམ་པ་གསུམ་པའི་འཕྲོད་བསྟེན་ཞབས་ཞུའི་དྲ་བ་དང་གྲོང་ཁྱེར་འདུས་སྡེ་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། ཐབས་ནུས་ཡོད་རྒུས་ལས་ཞུགས་རྒྱ་བསྐྱེད་དེ་སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས། དྲུག ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཇེ་ལེགས་སུ་གཏོང་དགོས། རྨོ་ཞིང་སྲུང་སྐྱོབ་དང་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ནུས་ཤུགས་ཇེ་ཆེར་བཏང་སྟེ། ནུས་ཁུངས་གྲོན་ཆུང་དང་བཙོག་རྫས་ཉུང་འདོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཆུ་བེད་དང་གནོད་འགོག་གནོད་འཚེ་ཇེ་ཉུང་དུ་གཏོང་བའི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཞིང་། དཔལ་འབྱོར་སྤྱི་ཚོགས་དང་མི་གྲངས་ཐོན་ཁུངས་ཁོར་ཡུག་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་དགོས། བདུན། བཅོས་བསྒྱུར་གསར་སྐྲུན་ལ་ནུས་པ་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཕྱོགས་གང་ཐད་དུ་སྒོ་འབྱེད་རྒྱ་བསྐྱེད་དགོས། ཝུའུ་ཧན་དང་ཀྲིན་ཀྲིག ཁྲང་ཧྲ་སོགས་ས་ཁུལ་གྱི་དངུལ་ལོར་བཅོས་བསྒྱུར་དང་དངུལ་ལོར་གསར་སྐྲུན་ཇེ་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་སྲིད་འཛིན་དོ་དམ་བཅོས་བསྒྱུར་ཚོད་ལྟ་བརྟན་འཇགས་ངང་སྤེལ་ནས་འབྲུ་ཆུའི་འབབ་རྒྱུད་ཀྱི་གསར་སྤེལ་སྒོ་འབྱེད་ཇེ་མགྱོགས་སུ་བཏང་སྟེ་འབྲི་ཆུའི་ཏཱ་ཐུང་འགག་བརྒྱུད་པའི་རྣམ་པ་འཚོལ་ཞིབ་བྱས་ནས་བཙུགས་ཏེ། ཆ་རྐྱེན་འཛོམས་པའི་གནས་སུ་སྒོ་ཁྲལ་ལས་ཁུངས་དམིགས་བསལ་ལྟ་སྲུང་དོ་དམ་ས་ཁོངས་འཛུགས་པར་རྒྱབ་སྐྱོར་དང་། ཚན་རྩལ་གསར་སྐྲུན་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་གོ་རིམ་ལྡན་པའི་རྒྱལ་ཁབ་ཕྱི་ནང་གི་ཐོན་ལས་གྲུབ་ཚུལ་ལེགས་བསྒྱུར་རིམ་འཕར་ལ་ཡར་སྐུལ་གཏོང་དགོས། གྲོས་ཚོགས་ལས་དབུས་རྒྱུད་ས་ཁུལ་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས་པ་དང་། ཀྲུང་དབྱང་ནོར་སྲིད་དངུལ་སྤྲོད་ནུས་ཤུགས་ཆེར་བསྐྱེད་དགོས་ཤིང་། འབྲུ་རིགས་ཐོན་འབབ་ཁུལ་གཙོ་བོར་རྒྱབ་སྐྱོར་གང་ལེགས་བྱས་ནས་ནོར་སྲིད་འགན་སྲུང་ནུས་པ་ཇེ་ཆེར་གཏོང་དགོས་ལ། དབུས་རྒྱུད་ས་ཁུལ་གྱི་དམངས་འཚོ་ལེགས་བཅོས་བྱེད་པ་དང་མ་མཐའི་སྤྱི་བའི་ཞབས་ཞུ་དོ་མཉམ་ཅན་ལ་ཡར་སྐུལ་གཏོང་བར་རྒྱབ་སྐྱོར་བྱས་ནས་འབྲི་ཆུའི་འགག་གསུམ་གྱི་ཆུ་མཛོད་དང་ཏན་ཅང་ཁི་ཆུ་མཛོད། ཧྲིན་ནོང་ཅ་ནགས་ཁུལ་སོགས་ཀྱི་སྐྱེ་ཁམས་ཕན་ནུས་ས་ཁུལ་གཙོ་བོའི་འཛུགས་སྐྲུན་བཅས་ལ་རྒྱབ་སྐྱོར་བྱེད་དགོས།

གྲོས་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མ་མཐའི་འཚོ་བའི་འགན་སྲུང་གི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་སུ་གཏོང་བར་བཀོད་སྒྲིག་བྱས། གཅིག མ་མཐའི་འཚོ་བའི་འགན་སྲུང་དམིགས་ཡུལ་གྱི་ཆ་རྐྱེན་ལ་ཁག་ཐེག་་བྱེད་པ་དང་འཐུས་ཚང་དུ་གཏོང་དགོས་པ། ཁྱིམ་ཐོའི་གནས་ཚུལ་དང་ཁྱིམ་ཚང་གི་ཡོང་འབབ་ཕུད་པ་ལས་གཞན། ཁྱིམ་ཚང་གི་རྒྱུ་ནོར་ཇེ་མང་དུ་གཏོང་བ་དེ་མ་མཐའི་འཚོ་བའི་འགན་སྲུང་དམིགས་ཡུལ་གྱི་ཆ་རྐྱེན་ཁག་ཐེག་བྱེད་པའི་རྩ་བའི་ཆ་རྐྱེན་ཡིན། གཉིས། ཞིབ་བཤེར་གཏན་འབེབས་དང་ཆོག་མཆན་གནང་བའི་གོ་རིམ་ཚད་དང་ལྡན་པར་བྱེད་པ། ཆ་རྐྱེན་དང་འཚམས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཚང་མས་ཐད་ཀར་དུ་གྲོང་རྡལ་སྲིད་གཞུང་ལ་མ་མཐའི་འཚོ་བའི་འགན་སྲུང་རེ་འདུན་ཞུ་ཡིག་འབུལ་བའི་དབང་ཆ་ཡོད། གྲོང་རྡལ་སྲིད་གཞུང་གིས་ཁྱིམ་ཐོ་ནང་འཇུག་བྱས་པར་བརྟག་དཔྱད་དང་དམངས་གཙོའི་དཔྱད་བསྡུར་བྱས་པར་འགན་འཁུར་ཏེ་རྩ་འཛུགས་བྱེད་དགོས། རྫོང་རིམ་པའི་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་ཞིབ་བཤེར་ཆོག་མཆན་གནང་བར་འགན་ཁུར་དགོས་པ་དང་། མ་མཐའི་འཚོ་བའི་འགན་སྲུང་ལ་ཞིབ་བཤེར་གཏན་འབེབས་དང་ཆོག་མཆན་གནང་བའི་སྤྱི་དོན་ལམ་ལུགས་ནན་ཏན་སྒོས་ལག་བསྟར་བྱས་ཏེ། སྤྱི་དོན་གྱི་ནང་དོན་དང་རྣམ་པ། དུས་མཚམས་དང་མཐུན་པར་བྱེད་དགོས་ལ། ཕྱོགས་ཡོངས་ནས་མ་མཐའི་འགན་སྲུང་མ་དངུལ་སྤྱི་ཚོགས་ཡོངས་སུ་ཁྱབ་སྤེལ་གཏོང་དགོས། གསུམ། སྒྲིག་གཞི་གསར་འཛུགས་བྱེད་དགོས། གནས་ཚུལ་ལ་དོ་དམ་བྱེད་པར་ཤུགས་བསྣན་ནས། ཡང་དག་པ་དང་ལས་ཆོད་མཐོ་བ། དྲང་ལྡན་གྱིས་མ་མཐའི་འཚོ་བའི་འགན་སྲུང་ལ་ཁག་ཐེག་བྱེད་དགོས་པ་དང་། མ་མཐའི་འཚོ་བའི་འགན་སྲུང་གི་ཆ་རྐྱེན་དང་མི་མཐུན་པ་རྣམས་དུས་ཐོག་ཏུ་འགན་སྲུང་ཁྱབ་ཁོངས་ལས་ཕྱིར་འབུད་དགོས། བཞི། ལྟ་སྲུང་དོ་དམ་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས། སྤྱི་ཚོགས་རྩ་འཛུགས་མ་མཐའི་འཚོ་བའི་འགན་སྲུང་ལ་ཞུགས་པ་དང་དེར་གདེང་འཇོག་དང་ལྟ་སྐུལ་བྱེད་པར་སྐུལ་མ་གཏོང་དགོས། མ་མཐའི་འགན་སྲུང་ལྟ་སྐུལ་བློ་འདྲིའི་ཁ་པར་ཨང་གྲངས་ཡོངས་སྒྲོག་བྱས་ཏེ་ཞུ་གཏུག་ལ་ཐོགས་པ་མེད་པར་བྱེད་དགོས། གྲོས་ཚོགས་ཀྱིས་མ་མཐའི་འཚོ་བའི་འགན་སྲུང་གི་བྱ་བའི་ནུས་ཤུགས་ཇེ་ཆེར་གཏོང་བར་ཤུགས་སྣོན་པ་དང་། གཞི་རིམ་སྟོབས་ཤུགས་ཇེ་ཆེར་གཏོང་བ། བྱེད་སྒོའི་སྦྱོང་བརྡར་ལ་ཤུགས་སྣོན་པ། དོ་དམ་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་པའི་བླང་བྱ་བཏོན།  །

  • ལེ་ཚན་སྔོན་མ།:ཀན་སུའུ་བོད་ཀྱི་སྐད་དང་ཡི་གེའི་བྱ་བ་གཉེར་མཁན་རྣམས་ཀྱིས“དཔའ་རིས”ས་མིང་རིག་གནས་ལ་རྟོག་ཞིབ་བྱེད་པ།
  • ལེ་ཚན་རྗེས་མ།:2012ལོའི་བོད་སོག་གསོ་རིག་ཆེད་ལས་ཀྱི་སྨན་པའི་ཐོབ་ཐང་ལག་ལེན་གྱི་ལག་རྩལ་རྒྱུགས་ལེན་བྱེད་སྒོ།
  • དོ་སྣང་ཆེ་བའི་རྩོམ།