བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2012-07-24
ཟླ7པའི་ཚེས21ཉིན། “བསམ་པ་མཐོང་འགྲུབ། བོད་ལྗོངས་དེང་རབས་ཐང་གའི་སྒྱུ་རྩལ་འགྲེམ་སྟོན”དེ་བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་འགོ་བརྩམས་པ་རེད། ཐེངས་འདིའི་འགྲེམ་སྟོན་ནི་བོད་ལྗོངས་སུ་ཐེངས་དང་པོར་སྨན་ཐང་བྲིས་རྒྱུན་གྱི་འབྱུང་ཁུངས་ཏེ་གཞིས་ཀ་རྩེའི་ལྷ་རིས་པའི་བརྩམས་ཆོས་གཙོར་བྱས་པའི་དེང་རབས་ཐང་གའི་སྒྱུ་རྩལ་འགྲེམ་སྟོན་ཆེན་མོ་ཞིག་ཡིན་ཅིང་། བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་པ་གྲགས་ཅན30ལྷག་གི་བརྩམས་ཆོས་འགྲེམ་སྟོན་བྱས།
ལོ་ཟླའི་འཕེལ་རིམ་ཁྲོད་བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་ལ་བྲིས་རྒྱུན་རིགས་མི་འདྲ་བ་མང་པོ་བྱུང་ཞིང་། དེའི་ཁྲོད་སྨན་ཐང་བྲིས་རྒྱུན་ནི་ལྷོ་བྲག་དོན་གྲུབ་རྒྱ་མཚོ་མཆོག་གིས་སྲོལ་བཏོད་པ་ཡིན། ཁོང་ཉིད་རི་མོ་འབྲི་བའི་རྩལ་ཕུལ་དུ་བྱུང་བ་ལྡན་པའི་ཁར། སྒྱུ་རྩལ་གཞུང་ལུགས་ཀྱི་ཐད་ལ་ཡང་མཛད་རྗེས་ཆེན་པོ་བཞག་ཡོད་པ་སྟེ། ཁོང་གིས《སྐུ་གཟུགས་ཀྱི་ཆ་ཚད་ཡིད་བཞིན་ནོར་བུ》 ཞེས་པ་མཛད་ནས་ལྷ་སྐུ་བཞེངས་པའི་ཆ་ཚད་དང་། ཐང་གའི་འབྲི་བཞེངས་ཉམས་སུ་ལེན་པའི་ཐབས་བསྟན་ཡོད་པ་རེད།
འགྲེམ་སྟོན་སྟེང་ཞུགས་པའི་ལྷ་རིས་པ་ཕུན་ཚོགས་རྡོ་རྗེ་ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན་སྨན་ཐང་བྲིས་རྒྱུན་ནི་བཟོ་རྩལ་ཁྱད་དུ་འཕགས་ཤིང་ཞིབ་ཚགས་ལྡན་པར་མ་ཟད། འབྲི་བཞེངས་བྱེད་པའི་བརྒྱུད་རིམ་ཁྲོད་ཆོས་ལུགས་ཀྱི་ཆོ་ག་རིམ་པ་ལྟར་སྤེལ་དགོས་ཤིང་། འབྲི་བཞེངས་ཀྱི་རྣམ་པར་ཧ་ཅང་གསོན་ཉམས་ལྡན་པ་ཞིག་ཡིན་པས། བོད་ལྗོངས་ཐང་གའི་སྒྱུ་རྩལ་ཁྲོད་ཀྱི་མཚོན་བྱེད་ཅིག་ཡིན་ལ། སྒྱུ་རྩལ་གྱི་རིན་ཐང་དང་བསྡུ་ཉར་གྱི་རིན་ཐང་དོད་པོ་ལྡན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10