ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-07-09
མཚོ་སྔོན་བོད་ཀྱི་རིག་དངོས་བཤམས་སྟོན་གླིང་གི་འགོ་དཔོན་འོ་ཚོགས་ཆེན་སྐབས་གསུམ་པའི་ཀྲུང་གོ་དང་ཁ་ན་ཏའི་རིག་གནས་བགྲོ་གླེང་དུ་ཞུགས་པ།
ཉེ་ལམ། སྐབས་གསུམ་པའི་ཀྲུང་གོ་དང་ཁ་ན་ཏའི་རིག་གནས་བགྲོ་གླེང་དེ་པེ་ཅིང་དུ་སྤེལ་ཞིང་། དུས་ཡུན་ཉིན་གཉིས་ཀྱི་བགྲོ་གླེང་ཚོགས་འདུར་བརྒྱུད། ཕྱོགས་གཉིས་ཀའི་རིག་གནས་ཁྱབ་ཁོངས་ཀྱི་སྲིད་གཞུང་དཔོན་པོ་དང་ཆེད་མཁས་པ་རྣམས་མཉམ་དུ་འཛོམས་ཏེ་ལས་གཞིའི་རྣམ་གྲངས12ཀྱི་རྒྱུན་རིང་རིག་གནས་མཉམ་འབྲེལ་འབྲེལ་བ་བཙུགས།
མཚོ་སྔོན་བོད་ཀྱི་རིག་དངོས་བཤམས་སྟོན་གླིང་གི་འགོ་དཔོན་འོ་ཚོགས་ཆེན་དང་ཟུར་དཔོན་ཚེ་མགོན་ཐར་གཉིས་ཟླ6པའི་ཚེས25ཉིན་ནས་ཚེས26བར་ཁ་ན་ཏ་རྒྱལ་སྤྱིའི་རིག་གནས་ཐེབས་རྩ་ཚོགས་པ་དང་ཀྲུང་གོའི་མི་དམངས་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་གཉིས་ཀྱིས་མཉམ་དུ་སྤེལ་བའི་སྐབས་གསུམ་པའི་ཀྲུང་གོ་དང་ཁ་ན་ཏའི་རིག་གནས་བགྲོ་གླེང་དུ་ཞུགས། ཚོགས་འདུའི་སྐབས་སུ་མཚོ་སྔོན་བོད་ཀྱི་རིག་དངོས་བཤམས་སྟོན་གླིང་དང་ཁ་ན་ཏ་མཱ་ཁཱ་མུའུ(Markham Museum)རིག་དངོས་བཤམས་སྟོན་ཁང་གཉིས་ཀྱིས་སྐོར་འགྲེམ་དང་མི་སྣ་གསོ་སྦྱོང་ཐད་ཀྱི་གྲོས་མཆན་ཡི་གེ་བཀོད་པ་མ་ཟད། མེ་ཁི་མེ་ཁོའོ(McMichael Canadian Art Collection)ཁ་ན་ཏ་སྒྱུ་རྩལ་བསྡུ་ཉར་ཁང་དང་ལྷ་རིས་སྒྱུ་རྩལ་མཉམ་འབྲེལ་གྱི་གྲོས་མཐུན་ཡི་གེ་བཀོད།
ཁ་ན་ཏ་རིག་དངོས་བཤམས་སྟོན་ཁང་དང་མཉམ་འབྲེལ་བྱས་པ་འདིས་མཚོ་སྔོན་བོད་ཀྱི་རིག་དངོས་བཤམས་སྟོན་གླིང་གི་སྤྱིའི་ཆུ་ཚད་མཐོར་འདེགས་དང་། རྒྱལ་སྤྱི་དང་སྦྲེལ་མཐུད་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་ནུས།
ཐེངས་འདིའི་རིག་གནས་བགྲོ་གླེང་ནི་གཙོ་ཆེར་ཀྲུང་གོ་དང་ཁ་ན་ཏའི་རིག་གནས་མཉམ་འབྲེལ་བྱེད་པའི་འགོ་ཁྲིད་ནུས་ཤུགས་གསོ་སྐྱོང་བྱེད་པ་དེ་ཡིན་ཞིང་། ཀྲུང་གོའི་ཕྱི་འབྲེལ་པུའུ་དང་། རིག་གནས་པུའུ། རྒྱལ་ཁབ་རིག་དངོས་ཅུའུ། ཁ་ན་ཏ་རིག་དངོས་བཤམས་སྟོན་ཁང་མཐུན་ཚོགས། ཁ་ན་ཏ་ཚན་རྩལ་ཁང་སོགས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་སྲིད་གཞུང་དང་དམངས་ཁྲོད་རྩ་འཛུགས་ཀྱི་རིག་གནས་ཆེད་མཁས་པ་བཅས་ཧ་ལམ་མི100ལྷག་ཐེངས་འདིའི་བགྲོ་གླེང་ལ་ཞུགས།
ཉིན་གཉིས་ཀྱི་དུས་ཡུན་བེད་སྤྱད་དེ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་རིག་གནས་ཆེད་མཁས་པས་གཏིང་ཟབ་པའི་སྒོ་ནས་གྲོས་དོན་གྲོས་ཞིབ་དང་། མཉམ་འབྲེལ་གྱི་མྱོང་ཚོར་བརྗོད་པ། གྲུབ་འབྲས་མཉམ་སྤྱོད་བཅས་བྱེད་ཅིང་། ཕྱོགས་གཉིས་ཀྱི་རིག་གནས་ལས་ཁུངས་བར་ཁ་གཏད་སྒོས་ཞིབ་ཕྲའི་མཉམ་འབྲེལ་བྱེད་པའི་འདོད་བློ་བསྟན་པ་དང་། དངོས་དོན་མཉམ་འབྲེལ་དང་འདྲ་མཉམ་བགྲོ་གླེང་བཅས་བྱེད་པར་བརྒྱུད་ཕྱོགས་གཉིས་ཕན་ཚུན་ལ་རྒྱུས་ལོན་བྱས་ཏེ་ཕུན་ཚུན་ལ་རིག་གནས་དུས་ཆེན་སྤེལ་བ་དང་། ཚབ་བྱེད་རང་བཞིན་གྱི་རིག་དངོས་ལེགས་འདེམ་བྱས་ཏེ་ཁ་གཏད་རྒྱལ་ཁབ་ཀྱི་རིག་དངོས་བཤམས་སྟོན་ཁང་དུ་འགྲེམ་སྟོན་བྱེད་པ་སོགས་ལས་གཞིའི་རྣམ་གྲངས12ཀྱི་རྒྱུན་རིང་རིག་གནས་མཉམ་འབྲེལ་འབྲེལ་བ་བཙུགས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10