ཟླ6པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མཚོ་སྐོར་ས་ཁུལ《གེ་སར་རྒྱལ་པོའི་སྒྲུང》དམངས་ཁྲོད་སྒྲུང་བའི་མཐུན་ཚོགས་ཀྱིས་སྤེལ་བའི་སྐབས་དང་པོའི་མཚོ་སྐོར་ས་ཁུལ《གེ་སར་རྒྱལ་པོའི་སྒྲུང》དམངས་ཁྲོད་སྒྱུ་རྩལ་པའི་གླིང་སྒྲུང་འཁྲབ་སྟོན་བྱ་འགུལ་མཚོ་སྔོན་པོའི་འགྲམ་རྒྱུད་དུ་སྤེལ། མཚོ་སྐོར་ས་ཁུལ་ནས་ཐོན་པའི《གེ་སར་རྒྱལ་པོའི་སྒྲུང》གི་དམངས་ཁྲོད་སྒྱུ་རྩལ་པ་དང་། ཞིང་ཆེན་ཕྱི་ནང་ནས་ཐོན་པའི་《གེ་སར་རྒྱལ་པོའི་སྒྲུང》གི་ཞིབ་འཇུག་ཆེད་མཁས། ས་དེའི་མང་ཚོགས་དང་གནས་སྐོར་བ་བཅས་མི་བརྒྱ་ལྷག་ཐེངས་འདིའི་གླིང་སྒྲུང་འཁྲབ་སྟོན་བྱ་འགུལ་སྟེང་ཞུགས། བྱ་འགུལ་སྟེང་མཚོ་སྔོན་པོ་སོགས་ས་ཁུལ་ནས་ཐོན་པའི《གེ་སར་རྒྱལ་པོའི་སྒྲུང》གི་དམངས་ཁྲོད་སྒྲུང་བ10ལྷག་གིས་ཚང་མར་གླིང་སྒྲུང་འཁྲབ་སྟོན་བྱས།
མཚོ་སྐོར་ས་ཁུལ་གྱི《གེ་སར་རྒྱལ་པོའི་སྒྲུང》དམངས་ཁྲོད་སྒྲུང་བའི་མཐུན་ཚོགས་ནི་འབྲེལ་ཡོད་སྡེ་ཁག་གིས་ཆོག་མཆན་བཀོད་པ་བརྒྱུད་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སྤྲེལ་ནག་ཤང་གི་མང་ཚོགས་ཀྱིས་རྩ་འཛུགས་བྱས་པའི་དམངས་ཁྲོད་རྩ་འཛུགས་ཞིག་ཡིན་ལ། རྩ་འཛུགས་འདི་བཙུགས་པ་དང་བྱ་འགུལ་འདི་དག་སྤེལ་བ་བརྒྱུད། མཚོ་སྐོར་ས་ཁུལ《གེ་སར་རྒྱལ་པོའི་སྒྲུང》གི་དམངས་ཁྲོད་སྒྲུང་བའི་མཐུན་ཚོགས་བྱ་བར་སྐུལ་འདེད་བྱས་པ་དང་། དཔའ་བོ་ལོ་རྒྱུས་བརྗོད་པའི་སྙན་ངག་རྒྱུན་འཛིན་དང་སྔོག་འདོན། མྱུར་སྐྱོར་བྱེད་པར་དོན་སྙིང་གལ་ཆེན་ལྡན། །