སྔར་ལས་ལྷག་པའི་སྒོ་ནས་མི་རིགས་ས་ཁུལ་གྱི་འབྲུ་རིགས་ཐོན་སྐྱེད་ཀྱི་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱེད་པ་དང་། མི་རིགས་ས་ཁུལ་དུ་མཁོ་གལ་ཆེ་བའི་འབྲུ་རིགས་འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་ཆེད། ད་ལོར། སི་ཁྲོན་ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ལས་ཐིན་གཉིས་ཀྱིས་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་གྱི་མི་རིགས་ས་ཁུལ་གྱིས་འབྲུ་རིགས་ཐོན་སྐྱེད་ནུས་པ་ཇེ་ཆེར་གཏོང་བའི་ཐད་ལ་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་སྟེ། བསྡོམས་པས་མ་དངུལ་སྒོར་མོ་ས་ཡ་ལྔ་དང་འབུམ་བདུན་བཏང་། དེའི་ནང་འབར་ཁམས་རྫོང་གི་མི་རིགས་ས་ཁུལ་གྱི་འབྲུ་རིགས་ཐོན་སྐྱེད་ནུས་པ་ཇེ་ཆེར་གཏོང་བའི་ཐད་མ་དངུལ་སྒོར་མོ་ས་ཡ་གཉིས་དང་འབུམ་ལྔ་བཏང་བ་དང་། རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་གྱིས་ནས་ཐོན་སྐྱེད་བྱེད་པའི་ཐད་ལ་མ་དངུལ་སྒོར་མོ་ས་ཡ་གཅིག་བཏང་ཞིང་། མ་རྨོས་ལོ་ཏོག་ཐོན་སྐྱེད་བྱེད་པའི་ཐད་ལ་མ་དངུལ་སྒོར་མོ་ས་ཡ་གཉིས་དང་འབུམ་གཉིས་བཏང་། ལས་གཞི་དེར་ཆོག་མཆན་བཀོད་རྗེས། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་ཞིང་ལས་སྡེ་ཁག་གིས་ཚད་མཐོན་པོས་མཐོང་ཆེན་བྱས་ནས། སྲིད་འཛིན་མགོ་ཁྲིད་ཚན་ཆུང་དང་། ཆེད་མཁས་པའི་མཛུབ་སྟོན་ཚན་ཆུང་བཙུགས་ཏེ། བྱ་བའི་ལྟ་རྟོག་ནུས་པ་དང་། དཔེ་སྟོན་སྣེ་ཁྲིད་བྱེད་པ། མ་དངུལ་དོ་དམ་བྱེད་པ། གྲུབ་འབྲས་ལ་དཔྱད་འཇོག ལས་གཞི་སྤྱི་སྡོམ་བྱེད་པ་བཅས་ཀྱི་བྱ་བའི་བྱེད་ཐབས་ལ་ཤུགས་བསྣན་པ་དང་། ལག་རྩལ་གྱིས་སྣེ་ཁྲིད་བྱེད་པར་ཤུགས་སྣོན་དང་། མཐུན་སྦྱོར་མཉམ་ལས་བྱ་བ་བཟང་བོར་བསྒྲུབས་ནས། ལས་གཞི་བདེ་བླག་ངང་ལག་བསྟར་བྱེད་པར་ཁག་ཐེག་བྱས། །