ཟླ་ལྔ་བར་བོད་ལྗོངས་ཀྱིས་རྒྱལ་ཕྱི་ནང་གི་གནས་སྐོར་བ་འབུམ་དགུ་ལྷག་སྣེ་ལེན་བྱས།

        2012-06-12

བོད་ལྗོངས་ཀྱི་ནམ་ཟླ་ཇེ་དྲོར་སོང་བར་བསྟུན་ནས། བོད་ལྗོངས་སུ་གནས་སྐོར་ལ་ཡོང་མཁན་སྔར་ལས་ཇེ་མང་དུ་སོང་བ་དང་། ཟླ་ལྔ་བར། བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་འབུམ་དགུ་ལྷག་ལ་སྣེ་ལེན་བྱས་པ་དང་། གནས་སྐོར་ཡོང་སྒོ་སྒོར་མོ་དུང་ཕྱུར་དགུ་དང་བྱེ་བ་གསུམ་ལྷག་ལ་བསླེབས།

བོད་རང་སྐྱོང་ལྗོངས་གནས་སྐོར་ཅུའུ་ཡི་ཆེས་གསར་བའི་བསྡོམས་རྩིས་གྲངས་ཀ་ལྟར་ན། ད་ལོའི་ཟླ་དང་པོ་ནས་ཟླ་ལྔ་བའི་བར་དུ། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་ས་ཡ་གཅིག་དང་འབུམ་བཞི་ཁྲི་ལྔ་ལ་སྣེ་ལེན་བྱས་པ་དང་། དེ་ན་ནིང་གི་དུས་མཉམ་ལས་མི་འབུམ་གསུམ་གྱིས་ཇེ་མང་དུ་སོང་ལ། དུས་མཉམ་ལས་བརྒྱ་ཆའི་ཉེར་ལྔ་ལྷག་འཕར་ཞིང་། གནས་སྐོར་ཡོང་སྒོ་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་ལ་བསླེབས། དེའི་ནང་རྒྱལ་ནང་གི་གནས་སྐོར་པ་ས་ཡ་གཅིག་དང་འབུམ་བཞི་ཁྲི་གཉིས་ལ་སྣེ་ལེན་བྱས་པ་དང་། དེ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ཉེར་བདུན་ལྷག་འཕར།

གསར་འགོད་པས་བོད་རང་སྐྱོང་ལྗོངས་གནས་སྐོར་ཅུའུ་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། བོད་ལྗོངས་སུ་གནས་སྐོར་དུ་ཡོང་བ་ཆེས་མང་བའི་དུས་ཚིགས་ནི་ཟླ་ལྔ་བའི་ཚེས་གཅིག་ནས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་བར་ཡིན་ལ། ལོ་རེའི་ཟླ་བཅུ་གཅིག་པའི་ཚེས་གཅིག་ནས་ཕྱི་ལོའི་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་བར་ནི་བོད་ལྗོངས་སུ་གནས་སྐོར་བ་ཡོང་བ་ཆེས་ཉུང་བའི་དུས་ཚིགས་རེད། དེ་བས་བོད་ལྗོངས་ཀྱིས་ད་ལོའི་ལོ་ཧྲིལ་བོར་གནས་སྐོར་པ་བྱེ་བ་གཅིག་སྣེ་ལེན་བྱས་ནས། གནས་སྐོར་ཡོང་སྒོ་སྒོར་མོ་ཐེར་ཆེན་གཅིག་དང་ཐེར་འབུམ་གཉིས་ལ་བསླེབ་པར་བརྩོན་ལེན་བྱེད་རྒྱུ་རེད།


  • ལེ་ཚན་སྔོན་མ།:ཧུའུ་ཅིན་ཐའོ་ཡིས་ཨུ་རུ་སིའི་ཙུང་ཐུང་དང་བཀའ་མོལ་གནང་།  
  • ལེ་ཚན་རྗེས་མ།:བོད་ཀྱི་གླུ་བ་འཕྲིན་ལས་རྒྱ་མཚོའི་ཕ་སྐད་ཟེར་སྡེར་ཐོག་མ༼ཡར་ཡར་འགྲོ ༽ཞེས་པ་འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།