མཚོ་སྔོན་ཞིང་ཆེན་འབའ་རྫོང་གིས་གཞི་རིམ་ལས་སྒྲུབ་མི་སྣར་བོད་ཡིག་གསོ་སྦྱོང་བྱས་པ།
ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-06-07
ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་གིས་བོད་ཡིག་གསོ་སྦྱོང་དང་བོད་སྐད་ཡིག་ལ་ཤུགས་སྣོན་པ་ནི་རོང་འབྲོག་ཁུལ་གྱི་བྱ་བ་ལེགས་པོར་སྒྲུབ་པའི་ལག་ཆ་གཙོ་བོར་བཟུང་སྟེ། འཆར་འགོད་ལྡན་པ་དང་། དམིགས་ཡུལ་ཡོད་པ། ཁ་གཏད་རང་བཞིན་བཅས་ཀྱིས་གཞི་རིམ་ལས་སྒྲུབ་མི་སྣའི་བོད་ཡིག་གསོ་སྦྱོང་བྱ་བ་ལེགས་པོར་སྤེལ་ཏེ་གྲུབ་འབྲས་ཅུང་བཟང་བོ་ཐོབ།
“བོད་ཡིག་སློབ་སྦྱོང་ཉིན་མོ”གསར་འཛུགས་དང་། “ཕན་ཚུན་བོད་ཡིག་ཁ་སྐད་སྦྱོང་བརྡར་དང་། ཡུལ་དངོས་ཁ་བརྡ། ཚོགས་འདུ་རྣམ་པས་གསོ་སྦྱོང་གི་ཚབ་བྱེད་པ”བཅས་བརྒྱུད་དེ། ཅུང་འདུ་ཤེས་ཡོད་པའི་སྒོ་ནས་བོད་སྐད་མི་ཤེས་པའི་ན་གཞོན་རྣམས་གྲོང་སྡེ་རུ་བྱ་བ་སྤེལ་པར་མངགས་ཏེ། ཚོགས་འདུ་ཆེ་འབྲིང་ཆུང་གསུམ་གང་དུའང་ལས་སྒྲུབ་མི་སྣས་བོད་སྐད་ཡིག་གི་ལམ་ནས་གཏམ་བཤད་པ་དང་འབྲེལ་འདྲིས་བྱེད་ཅིང་། བོད་ཡིག་ཤེས་པའི་ལས་སྒྲུབ་པ་དང་བོད་ཡིག་མི་ཤེས་པའི་ལས་སྒྲུབ་པས“ཚོགས་སྒྲིག་མཉམ་ཁྲིད”སྒོས་སློབ་སྦྱོང་དང་། རྒྱལ་ཁབ་ཀྱི་སྔར་བསྟར་སྐར་སྣོན་སྲིད་ཇུས་འདོན་སྤེལ་གང་ལེགས་ཀྱིས་རྫོང་གཏོགས་ལས་ཁུངས་ཀྱི་ལས་སྒྲུབ་མི་སྣ་གྲོང་རྡལ་དང་སྡེ་བ་རུ་མངགས་ཏེ་ལས་འཁུར་སྦྱོང་བརྡར་བྱས་པ་དང་། རྫོང་ཡོངས་ལས་སྒྲུབ་མི་སྣར་བོད་ཡིག་ཁ་སྐད་གསོ་སྦྱོང་འཛིན་གྲྭ་སྒྲིག་འཛུགས་ཀྱིས་བོད་ཡིག་སློབ་སྦྱོང་གི་ཤུགས་ཆེར་བསྐྱེད་ཅིང་སྔར་ལས་ལྷག་པར་བོད་ཡིག་སློབ་སྦྱོང་བྱེད་པར་སྟེགས་བུ་བསྐྲུན།
ད་ལྟའི་བར། འབའ་རྫོང་གིས“ཚོགས་སྒྲིག་མཉམ་ཁྲིད”ཁག54བཙུགས་ཏེ་ཚོགས་ཁྲིད་མིང་དེབ་གསར་འཛུགས་བྱས་ཤིང་། ཞིང་ཆེན་ཏང་ཨུ་སློབ་གྲྭའི་བོད་ཡིག་ཁ་སྐད་དགེ་ཐོབ་གསོ་སྦྱོང་འཛིན་གྲྭར་ལས་སྒྲུབ་མི་སྣ3དང་། གྲོང་རྡལ་ལས་འཁུར་སྦྱོང་བརྡར་བྱེད་པར་ལས་སྒྲུབ་མི་སྣ3། སྡེ་བར་ལས་འཁུར་སྦྱོང་བརྡར་བྱེད་པར་ལས་སྒྲུབ་མི་སྣ3། ཡིག་སྐུར་ངོ་གཏུག་སྡེ་ཁག་ཏུ་ལས་སྒྲུབ་མི་སྣ2བཅས་མངགས་ཏེ་བོད་ཡིག་ཁ་སྐད་གསོ་སྦྱོང་བྱས་པ་རེད།