བོད་ཀྱིས་ཞིང་ལས་ཐོན་སྐྱེད་འཕྲུལ་ཆས་ཅན་གྱི་ཆུ་ཚད་སྒོ་ཀུན་ནས་མཐོ་རུ་གཏོང་བ།
ཞིན་ཧྭ་དྲྭ་བ་བོད་ཡིག་འཕྲིན་ལམ་ནས། 2012-06-04
ཟླ་བ5པའི་ཚེས31ཉིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་བོད་ཀྱི་ཞིང་ལས་ཐོན་སྐྱེད་ཅན་གྱི་ཆུ་ཚད་སྒོ་ཀུན་ནས་མཐོ་རུ་བཏང་སྟེ་སྲོལ་རྒྱུན་ཞིང་ལས་དེ་དེང་རབས་ཞིང་ལས་སུ་བསྒྱུར་བར་སྐུལ་མ་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད།
བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་རྩ་དོན་ཐོག་གྲོས་འཆམ་བྱུང་བའི་ཞིང་ལས་འཕྲུལ་ཆས་ཅན་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་བའི་བསམ་འཆར་ནང་བོད་ཀྱི་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་ཆུ་ཚད་ད་དུང་མཐོ་པོ་མེད་པ་དང་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཅུང་དམའ་བར་བརྟེན་ཞིང་ལས་འཕེལ་རྒྱས་གཏོང་སྟངས་དེ་རགས་ལས་གཉེར་སྐྱོང་ནང་གཅིག་སྡུད་ཅན་གྱི་གཉེར་སྐྱོང་བར་བསྒྱུར་མགྱོགས་སུ་གཏོང་རྒྱུའི་བླང་བྱ་གལ་ཆེན་བཏོན་པ་དང་ཞིང་ལས་ཐོན་སྐྱེད་བྱེད་སྟངས་དེ་མི་ཤུགས་ཐོན་ཁུངས་ལ་བརྟེན་པ་དང་དེ་སྤྱོད་པ་ནས་ཚན་རིག་ལག་རྩལ་ལ་བརྟེན་པ་དང་དེང་རབས་ཞིང་ལས་ཀྱི་སྒྲིག་ཆས་ལ་བསྒྱུར་མགྱོགས་སུ་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།
བོད་ཀྱི་འབྲུ་རིགས་སོགས་ལོ་ཏོག་གཙོ་གནད་དང་།ཞིང་དུད་གལ་ཆེན།འགག་རྩའི་ཐོན་སྐྱེད་ལྷུ་ཚིགས་ནང་ཞིང་ལས་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་ཤུགས་རྒྱག་སར་བྱས་ཏེ་ཞིང་འཕྲུལ་གྱི་སྒྲིག་ཆས་དང་།ལས་སྒྲུབ།བདེ་འཇགས།ཞབས་ཞུའི་ཆུ་ཚད་བཅས་སྒོ་ཀུན་ནས་མཐོ་རུ་གཏོང་བཞིན་ཡོད་པ་རེད།2015ལོར་སླེབས་ལ་ཆས་ཅན་གྱི་ལས་སྒྲུབ་ཆུ་ཚད་བརྒྱ་ཆ61ཟིན་པ་བཅས་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།བོད་ཀྱིས་ཞིང་ལས་ཐོན་སྐྱེད་འཕྲུལ་ཆས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་ཁྲོམ་ར་དེ་ཁྲིད་ཕྱོགས་སུ་བྱེད་པ་དང་།མང་ཚོགས་ཀྱི་སྟོབས་ཤུགས་འདོན་པ་བཅས་བྱས་ཏེ་ཞིང་ལས་འཕྲུལ་ཆས་ཅན་འཕེལ་རྒྱས་གཏོང་བའི་སྤྱི་ཚོགས་ཧྲིལ་པོའི་ཧུར་སེམས་སྐུལ་སློང་བྱ་རྒྱུ་དང་དུས་མཚུངས་སྲིད་གཞུང་གིས་ཞིང་འཕྲུལ་ཚོད་ལྟ་དང་།ཁྱབ་གདལ།ཉོ་སྒྲུབ།བེད་སྤྱོད་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་།དངུལ་རྩ་དང་ནོར་ཁྲལ་སོགས་རྒྱབ་སྐྱོར་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་ཅན་དུ་བསྒྱུར་བའི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ་ནི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་གིས་ཞིང་ཕྱུགས་ཐོན་ཟོག་དག་ནུས་ལྡན་ངང་མཁོ་སྤྲོད་བྱ་རྒྱུར་འགན་ལེན་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ཡིན་ལ།བོད་ཡོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་ནས་ཞིང་འབྲོག་ལས་རྒྱུན་བསྲིང་ངང་འཕེལ་རྒྱས་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོའང་ཡིན་པའི་ངོས་འཛིན་བྱས་པ་རེད།