རེབ་གོང་མཁར་རྩེ་རྒྱལ་གྱིས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རིག་གཞུང་འཆད་ཁྲིད་བྱས་པ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-05-24

རེབ་གོང་མཁར་རྩེ་རྒྱལ་གྱིས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རིག་གཞུང་འཆད་ཁྲིད་བྱས་པ།
རེབ་གོང་མཁར་རྩེ་རྒྱལ།
 

ཟླ5བའི་ཚེས21ཉིན།  ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གི2011ལོ་ནས2012ལོའི་བར་གྱི་འཆད་ཁྲིད་རབ་དང་རིམ་པའི་སྐབས་བཅུ་བཞི་བ་དེ་རིག་གནས་ཐོག་ཁང་དུ་སྤེལ།  ཐེངས་འདིར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་གཙོ་སྟེ་རེབ་གོང་མཁར་རྩེ་རྒྱལ་གདན་དྲངས་ཏེ《མིའི་རིགས་རིག་པའི་མཐོང་རྒྱའི་འོག་གི་བོད་རིགས་དམངས་ཁྲོད་དམངས་སྲོལ་ཆོས་ལུགས་ཞིབ་འཇུག     མཚོ་སྔོན་རེབ་གོང་དམངས་ཁྲོད་ཀྱི་དྲུག་པའི་ཀླུ་རོལ་ལོ་རྒྱུས་རིག་གནས་རྒྱབ་ལྗོངས་དཔེ་གཞིར་དྲངས་བ》ཅེས་པའི་རིག་གཞུང་འཆད་ཁྲིད་གནང་། བོད་རིག་པའི་གླིང་གི་གླིང་གཙོ་ཚེ་རིང་ཐར་ལགས་ཀྱིས་མདོ་འཛིན་མཛད།
         རེབ་གོང་མཁར་རྩེ་རྒྱལ་ནི1967ལོར་མཚོ་སྔོན་རེབ་གོང་ནས་སྐྱེས་ཤིང་། ད་ལྟ་རྨ་ལྷོ་ཁུལ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་གཙོ་དང་།  མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་ཡིག་གཟུགས་པའི་མཐུན་ཚོགས་ཀྱི་ཚོགས་མི། རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་འགན་འཛིན་པ། རྨ་ལྷོ་ཁུལ་དགེ་འདུན་ཆོས་འཕེལ་ཞིབ་འཇུག་སློབ་ཚོགས་ཀྱི་དྲུང་ཡིག་པ་ཆེན་མོ།  རྨ་ལྷོ་ཁུལ་དམངས་ཁྲོད་རིག་གནས་སྒྱུ་རྩལ་མཐུན་ཚོགས་ཀྱི་འགོ་གཙོ། རྨ་ལྷོ་ཁུལ་དཔེ་རིས་པར་མཁན་པའི་མཐུན་ཚོགས་ཀྱི་འགན་འཛིན་གཞོན་པ་སོགས་ཀྱི་ལས་འགན་བཞེས།
         2000ལོ་ནས་བཟུང་ཞིང་ཆེན་རིམ་པ་དང་རྒྱལ་ཁབ་རིམ་པའི་དུས་དེབ་གཙོ་ཤོས་དག་ཏུ་རིག་གཞུང་རྩོམ་རིག30ལྷག་སྤེལ་ཞིང་། 《འཇིག་རྟེན་གྱི་བསྟོད་པ། ཨ་མདོ་རེབ་གོང་དྲུག་པའི་ཀླུ་རོལ་གྱི་དམངས་ཁྲོད་མཆོད་བཀུར་དང་འབྲེལ་ཡོད་ལོ་རྒྱུས་རིག་གནས་ཞིབ་འཇུག》ཅེས་པ་པར་བསྐྲུན་གནང་ཡོད་དེ། 2009ལོའི་ཟླ8པར་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས་དངོས་སུ་པར་བསྐྲུན་བྱས་པ་དང་། 2009ལོར་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་གལ་ཆེའི་དཔེ་དེབ་པར་སྐྲུན་གྱི་འཆར་འགོད་དུ་བཀོད་པ་དང་མཚུངས་སུ།  2010ལོའི་རྒྱལ་སྤྱིའི་བོད་རིག་པའི་དཔེ་མཛོད་འབྲེལ་འདྲིས་དཔེ་དེབ་ཏུ་གཏན་འཁེལ་བྱས། དེ་མིན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྐབས་དྲུག་པའི་རྩོམ་རིག་སྒྱུ་རྩལ་གསར་སྐྲུན་གྱི་བྱ་དགའ་ཐོབ་ཅིང་།  མཚོ་སྔོན་ཞིང་ཆེན་རིག་གནས་ཐིན་གྱི2010ལོའི“ཞིང་གྲོང་དཔེ་ཁང”གྲོང་སྡེ་ལ་སྐྱེལ་བའི་གལ་ཆེའི་དཔེ་དེབ་དང་།  2012ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་ཞིབ་འཇུག་སློབ་མའི་རྒྱུགས་ལེན་དཔྱད་གཞིའི་ཡིག་ཆ་གལ་ཆེན་དུ་ཚུད།

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་གྲོས་ཞིབ་ཚོགས་འདུ་སྐབས་བཅུ་བཞི་བ་བསྡུས་པ།
  • ལེ་ཚན་རྗེས་མ།:མེ་སྟོན་གྱི《བྱང་སེམས་གབ་པའི་འགྲེལ་པ》ཞེས་པའི་དཔེ་རྙིང་ཞིག་རྙེད་པ།
  • དོ་སྣང་ཆེ་བའི་རྩོམ།