རྒྱལ་ཡོངས་ཀྱི་སྐབས་དང་པོའི་ལ་གཞས་འགྲན་སྡུར་གྲོས་ཚོགས་ཟླ7པར་བསྡུ་རྒྱུ་རེད།

བདེ་ཆེན་འཚོ།    མཚོ་སྔོན་པོ་དྲ་བ།    2012-05-18

ཀྲུང་གོའི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པ་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ཚོགས་པས་གཙོ་སྒྲུབ་གནང་བའི2012ལོའི་ཀྲུང་གོའི་བོད་ཀྱི་ལ་གཞས་འགྲན་སྡུར་རམ་རྒྱལ་ཡོངས་ཀྱི་ལ་གཞས་གྲོས་ཞིབ་ཚོགས་འདུ་སྐབས་དང་པོ་དེ་ཟླ7པའི་ཟླ་སྨད་དུ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨ་རིག་རྫོང་ཁོངས་སུ་སྤེལ་རྒྱུ་རེད།ཐེངས་འདིའི་འགྲན་སྡུར་ནི2003ལོའི་ཚུན་དུ་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ཚོགས་པས་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་ཐེངས་བདུན་ལ་སྤེལ་བའི་རྨང་གཞིའི་ཐོག་བསྡུ་བའི་རྒྱལ་ཡོངས་རང་བཞིན་གྱི་འགྲན་ཚོགས་ཤིག་ཡིན།ཀྲུང་གོའི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པ་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསོད་ནམས་རྡོ་རྗེ་ལགས་ཀྱིས་བཤད་རྒྱུར།ལ་གཞས་ནི་མདོ་དབུས་མཐོ་སྒང་གི་ན་གཞོན་ཕོ་མོ་བར་གྱི་ལྷད་མེད་རྣམ་དག་གི་བརྩེ་འདང་བརྗོད་པ་དང་།བདེ་སྐྱིད་ཀྱི་འཚོ་བར་བསྔགས་བརྗོད་བྱེད་པའི་དམངས་ཁྲོད་སྒྱུ་རྩལ་གྱི་མཚོན་ཐབས་ཤིག་ཡིན་ཞིང་།འདི་ལ་ལོ་རྒྱུས་ཀྱི་བྱུང་བ་རིང་མོ་ལྡན་པའི་ཁར།བརྗོད་བྱ་ཕུན་སུམ་ཚོགས་ཤིང་ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པས་བོད་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་གྱི་གཙུག་རྒྱན་ལྟ་བུ་ཞིག་ཡིན་ཞེས་བརྗོད་པ་རེད།ཐེངས་འདིའི་འགྲན་སྡུར་གྱི་བླང་བྱ་ནི།འགྲན་ཞུགས་གླུ་གཞས་དེ་རང་མི་རིགས་དང་རང་ས་གནས་ཀྱི་ཁྱད་ཆོས་མཚོན་པའི་སྲོལ་རྒྱུན་གྱི་དམངས་ཁྲོད་མཛའ་གཞས་ཡིན་དགོས་པ་དང་།གཞས་འབྲུ་ཐད་འགྲན་ཞུགས་པས་སོ་སོའི་གྲོང་སྐད་ཀྱི་ལམ་ནས་བླངས་ཆོག་པ།འགྲན་ཞུགས་གླུ་གཞས་ཡིས་གཉུག་མའི་དམངས་གླུའི་རྣམ་པ་མཚོན་པར་བྱེད་པ་ལས་རོལ་ཆས་སོགས་སྤྱད་མི་ཆོག་པ།འགྲན་ཞུགས་པས་ངེས་པར་དུ་མི་རིགས་ཀྱི་གྱོན་ཆས་གྱོན་དགོས་པ།འགྲན་སྡུར་བྱེད་ཐབས་ལ་དབུས་གཙང་དང་།ཁམས།ཨ་མདོ་བཅས་ཡུལ་སྐད་ཀྱི་ལམ་ནས་ཚན་ཆུང་གསུམ་དུ་བགོས་ནས་སྤེལ་རྒྱུ་རེད།རྒྱུས་ལོན་བྱུང་བ་ལྟར་ན་འགྲན་སྡུར་གྱི་སྐབས་སུ་བོད་ཁམས་ཡོངས་ཀྱི་བོད་ཀྱི་དམངས་ཁྲོད་གླུ་གཞས་དང་འབྲེལ་བའི་ཆེད་མཁས་པ40ལྷག་གདན་འདྲེན་ཞུས་ནས་རྒྱལ་ཡོངས་ཀྱི་ལ་གཞས་གྲོས་ཞིབ་ཚོགས་འདུ་སྐབས་དང་པོ་སྤེལ་རྒྱུ་རེད།
  • ལེ་ཚན་སྔོན་མ།:པདྨ་ཚེ་བརྟན་གྱི༼ཨོ་རྒྱན་གྱི་ཚེམས༽ཞེས་པར་རྩོམ་རིག་བྱ་དགའ་ཐོབ།
  • ལེ་ཚན་རྗེས་མ།:ཧོ་ཀུའོ་ཆང་གིས་ཀན་སུའུ་མེན་རྫོང་དུ་རྒུད་སྐྱོབ་བྱ་བར་རྟོག་ཞིབ་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།