བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བདེ་ཆེན་ཁུལ་དུ་ཕེབས་ནས་བོད་ཡིག་གི་སྨྱན་བྱད་གསར་བའི་འཛུགས་སྐྲུན་ལ་བརྟག་དཔྱད་བྱས་པ།
ཀྲུང་གོ་བོད་ཀྱི་དྲ་བ། 2014-10-22
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས13ཉིན་ནས་ཚེས16ཉིན་བར། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་དཔལ་ལྡན་འཁོར་དང་བཅས་པ་བདེ་ཆེན་ཁུལ་དུ་ཕེབས་ནས་བོད་སྐད་ཡིག་གི་སྨྱན་བྱད་གསར་བ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་བརྟག་དཔྱད་དང་སློབ་སྦྱོང་བྱས་པ་མ་ཟད། བསམ་བློ་བརྗེ་རེས་བྱས་ཏེ་གྲོས་མཐུན་བྱུང་།
དུས་ཡུན་ཉིན4རིང་གི་སློབ་སྦྱོང་དང་བརྟག་དཔྱད་ཁྲོད། བརྟག་དཔྱད་ཚན་ཆུང་འཁོར་དང་བཅས་པས་གཙོ་བོར《བདེ་ཆེན་བོད་ཡིག་ཚགས་པར》དང་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ་གཉིས་མཉམ་ལས་བྱེད་པའི་འཕེལ་རྒྱས་གནས་ཚུལ་དང་བོད་སྐད་ཡིག་སྨྱན་བྱད་གསར་བའི་དོ་དམ། གསར་སྐྲུན་གནས་ཚུལ་སོགས་རྒྱུས་ལོན་བྱེད་པའི་དུས་མཚུངས་སུ། སེམས་ཀྱི་ཉི་ཟླ་རྫོང་གི་དགའ་ལྡན་སུམ་རྩེན་གླིང་དང་། རྒྱལ་ཐང་གྲོང་རྡལ་ཧྲི་ཉེ་སྡེ་བ་དང་བཅིངས་འགྲོལ་སྡེ་བ། བདེ་ཆེན་རྫོང་སྤངས་རྩི་རོང་གྲོང་རྡལ་རྒྱལ་ལམ214ཉེ་འགྲན་གྱི་སྡེ་བ་སོགས་ལ་སོང་ནས། 《མི་དམངས་ཉིན་རེའི་ཚགས་པར》(བོད་ཡིག་གི་པར་ངོས)ཀློག་མཁན་ཚོའི་ཚགས་པར་འདིའི་ནང་དོན་གོ་བ་ལེན་པའི་གནས་ཚུལ་ལ་རྒྱས་ལོན་བྱས་པ་དང་། རྩོམ་སྒྲིག་ལོ་ཙྰ་དང་པར་སྐྲུན་འགྲེམ་སྤེལ་ཕྱོགས་ནས་ཀློག་པ་པོས་བསམ་འཆར་ལ་ཉན།