ལིས་ཁི་ཆང་གིས་དབྱི་ཐ་ལིའི་ཙུང་ཐུང་ན་ཕའོ་ལིས་ཐ་ནོ་ལ་མཇལ་འཕྲད་གནང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-10-17

ལིས་ཁི་ཆང་གིས་དབྱི་ཐ་ལིའི་ཙུང་ཐུང་ན་ཕའོ་ལིས་ཐ་ནོ་ལ་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར་རོ་མའི་ཙུང་ཐུང་བཞུགས་ཤག་ནས་དབྱི་ཐ་ལིའི་ཙུང་ཐུང་ན་ཕའོ་ལིས་ཐ་ནོ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར་རོ་མའི་ཙུང་ཐུང་བཞུགས་ཤག་ནས་དབྱི་ཐ་ལིའི་ཙུང་ཐུང་ན་ཕའོ་ལིས་ཐ་ནོ་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་དབྱི་ཐ་ལིའི་བར་འབྲེལ་བ་བཙུགས་རྗེས། རྒྱལ་ཁབ་གཉིས་ཀྱིས་མཛའ་མཐུན་གོམས་སྲོལ་རྒྱུན་འཛིན་བྱས་པ་དང་། ཕྱོགས་གཉིས་བར་གྱི་ཆབ་སྲིད་དང་དཔལ་འབྱོར། གསར་སྐྲུན། མི་གཞུང་སོགས་ཕྱོགས་ཡོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་བཟང་བོ་བསྐྲུན། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་གཉེར་མཉམ་ལས་དང་རིག་གནས་བརྗེ་རེས་རྒྱ་བསྐྱེད་ཅིང་། ཀྲུང་གོ་དང་དབྱི་ཐ་ལིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་དང་ཨེ་ཤ་ཡ་དང་ཡོ་རོབ་གླིང་བར་གྱི་མཉམ་ལས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ན་ཕའོ་ལིས་ཐ་ནོ་ཡིས་བཤད་རྒྱུར། དབྱི་ཐ་ལི་དང་ཀྲུང་གོའི་འབྲེལ་བ་རྒྱུན་མཐུན་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་ཉིན་རེར་ཇེ་དམ་དུ་འགྲོ་བཞིན་ཡོད། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་པ་དང་། དཔལ་འབྱོར་ཉོ་ཚོང་དང་རིག་གནས། དངུལ་གཏོང་། ཁེ་ལས་བར་གྱི་མཉམ་ལས་རྒྱ་བསྐྱེད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་དེ་ཕྱོགས་གཉིས་དང་འཛམ་གླིང་ཡོངས་ལ་ཧ་ཅང་གལ་ཆེ་བས་དབྱི་ཐ་ལི་ཕྱོགས་ཀྱིས་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་འདོན་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ད་དུང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།  །

 


 

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་དབུལ་སྐྱོར་སློབ་རོགས་སྐོར་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
  • ལེ་ཚན་རྗེས་མ།:མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཐེངས་གཉིས་པའི་འཐུས་མི་ཚོགས་ཆེན་བསྡུས།
  • དོ་སྣང་ཆེ་བའི་རྩོམ།