ཝུན་ཅ་པའོ་ཡིས་ཐུར་ཁེའི་ཙུང་ལི་ལ་མཇལ་འཕྲད་གནང་།

སྐལ་བཟང་སྐྱིད། མཚོ་མོ་སྐྱིད།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-04-10

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཚེས་དགུའི་ཉིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཐུར་ཁེའི་ཙུང་ལི་ཨེ་ཨར་ཏོ་ཨན་ལ་མཇལ་འཕྲད་གནང་།ཝུན་ཅ་པའོ་ཡིས་ཀྲུང་གོ་དང་ཐུར་ཁེའི་བར་ཉིས་སྟོང་བཅུ་ལོར་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་པའི་ཚུན་དུ། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་མང་ཞིང་ཕྱོགས་གཉིས་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་དང་འབྲེལ་བའི་གནད་དོན་གལ་ཆེན་གྱི་ཐད་ཕན་ཚུན་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱས་ཏེ། ཁྱབ་ཁོངས་སོ་སོའི་འབྲེལ་འདྲིས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ། ཀྲུང་གོས་ཐུར་ཁེ་ནི་གསར་དུ་འཕེལ་རྒྱས་བྱུང་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་གོ་གནས་དང་ནུས་པར་གཙིགས་འཛིན་བྱེད་ཀྱིན་ཡོད་ལ། ཨེ་ཤ་ཡ་ནུབ་མ་དང་ཨ་ཧྥེ་རི་ཁ་བྱང་མའི་གནས་བབ་བསྟུད་མར་ཟང་ཟིང་ཡིན་པ་དང་འཛམ་གླིང་གི་དཔལ་འབྱོར་འཕར་བ་ཅུང་དལ་བའི་གནས་བབ་འོག རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་འབྲེལ་འདྲིས་དང་གཞོགས་འདེགས་སྔར་ལས་ཇེ་དམ་དུ་བཏང་སྟེ། ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།ཝུན་ཅ་པའོ་ཡིས་རྒྱལ་ཁབ་གཉིས་ཀྱིས་ཀྲུང་གོ་དང་ཐུར་ཁེའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁྲོད་ཀྱི་དུས་ཡུན་རིང་བོའི་འཆར་འགོད་ཧུར་ཐག་གིས་གཏན་ལ་འབེབས་པ་དང་སྲིད་གཞུང་གི་སྣེ་ཁྲིད་དང་གཞོགས་འདེགས་ཇེ་ལེགས་སུ་གཏོང་དགོས། གཞོགས་འདེགས་གང་ལེགས་སྒོས་ལྕགས་ལམ་དང་ཟམ་པ་སོགས་རྨང་གཞིའི་སྒྲིག་ཆས་ཆེན་པོའི་ལས་གཞིའི་མཉམ་ལས་དུས་ཡུན་རིང་ཞིང་གོ་རིམ་ལྡན་ལ། ཕན་འབྲས་ཡོད་པའི་སྒོ་ནས་སྤེལ་དགོས་པ་དང་། གསར་དུ་བཟོ་བཅོས་བྱས་པའི་དངུལ་གཏོང་ལ་ཤུགས་སྣོན་པ་དང་སྲུང་སྐྱོབ་ཆོད་དོན་མྱུར་དུ་འགོད་པ་དང་ལག་བསྟར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱི་མཉམ་ལས་ལ་ཤུགས་བསྐྱེད་པར་བཅའ་ཁྲིམས་ཀྱི་འགན་སྲུང་དང་སྔར་ལས་སྟབས་བདེ་བའི་ཆ་རྐྱེན་མཁོ་འདོན་བྱེད་དགོས། ཉིང་རྡུལ་ནུས་པ་དང་མཁའ་སྐྱོད། གློག་རྡུལ་སོགས་མཐོ་གསར་ཚན་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དགོས། ཕན་ཚུན་བར་རིག་གནས་ལོ་སྤེལ་བའི་གོ་སྐབས་གལ་ཆེན་བེད་སྤྱོད་བྱས་ཏེ། མི་ཚུལ་བརྗེ་རེས་རྒྱ་བསྐྱེད་དགོས་ཞེས་གསུངས། ཨེ་ཨར་ཏོ་ཨན་གྱིས་ཝུན་ཅ་པའོ་ཡིས་ཀྲུང་གོ་དང་ཐུར་ཁེ་བར་གྱི་འབྲེལ་བར་གདེང་འཇོག་བྱས་པ་དང་། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་དགོངས་འཆར་ལ་ཤིན་དུ་འཐད་པ་བྱུང་བ་དང་། ཁོས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བར་མདུན་ལྗོངས་ཡངས་ཤིང་། ཐུར་ཁེ་ཡིས་ཀྲུང་གོ་དང་མཉམ་དུ་མཐོ་རིམ་འགྲོ་འོང་དང་འཐབ་ཇུས་གྲོས་མོལ་མང་དུ་སྤེལ་བ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས། ཐུན་མོང་གི་ཁེ་ཕན་ལ་སྔར་ལས་བཟང་བོའི་སྒོ་ནས་སྲུང་སྐྱོབ་དང་ཡར་སྐུལ་གཏོང་འདོད་ཡོད་ཟེར།ཕྱོགས་གཉིས་ཀྱིས་སི་རི་ཡ་དང་དབྱི་ལང་གི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།  གྲོས་མོལ་གནང་རྗེས་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཕྱོགས་གཉིས་ཀྱི་འབྲེལ་ཡོད་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས། 

  • ལེ་ཚན་སྔོན་མ།:ཧོ་པེ་ཞིང་ཆེན་དུ་སངས་རྒྱས་ཀྱི་སྐུའི་བཟོ་དབྱིབས3000ལ་ཉེ་བ་ཙམ་གསར་རྙེད་བྱུང་།
  • ལེ་ཚན་རྗེས་མ།:བོད་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་ཕུལ་བྱུང་རིག་གནས་གསར་རྩོམ་ལ་སྐུལ་མ་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།