ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སློབ་མའི་ཞོར་ཟས་གཏན་འགོག་བྱེད་པ།

སྟག་རིག་འབྲུག་ཐར།    མཚོ་སྔོན་པོ་དྲ་བ།    2012-09-20

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སློབ་མའི་ཞོར་ཟས་གཏན་འགོག་བྱེད་པ།
གཞུང་བཞེས་བྱས་པའི་ཁྱིམ་ཕྱགས་ཟས་རིགས།

         ཟླ9བར་སློབ་སྐབས་གསར་བ་མགོ་ཚུགས་པ་ནས་བཟུང་། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཆེད་དུ་སློབ་མ་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དག་ཐེར་དང་ནང་སྒོས་སུ་མི་རིགས་ཀྱི་གུས་ལུགས་བརྩི་སྒོའི་ཕྱོགས། སྐད་དང་ཡི་གེར་ཤ་ཚ་དགོས་པའི་བསམ་བློའི་འདུ་ཤེས་སྐྱེད་སྲིང་གི་ཐད་སོགས་སློབ་ཞུགས་སློབ་གསོའི་བྱ་འགུལ་སྣ་ཚོགས་ཤིག་སྤེལ་བ་རེད། གཟའ་འཁོར་གཅིག་ཙམ་རིང་གི་དགེ་རྒན་རྣམ་པའི་འཁྲུལ་མེད་ཀྱི་སློབ་སྟོན་འོག་ཏུ་སློབ་གྲྭ་སྤྱིའི་བྱ་བར་གྲུབ་འབྲས་ལེགས་པོ་བླངས།  ཡིན་ཡང་ཚད་གཞི་ཚུལ་ལྡན་ཞིག་སློབ་བུ་རྣམས་ལ་གོམས་བྱང་དུ་འགྲོ་བར་གཟའ་འཁོར་གཅིག་ཙམ་གྱི་དུས་ཚོད་ཁྲོད་ཐག་གཅོད་ཐུབ་པ་ཧ་ཅང་ཁག་པོ་ཡིན་པས། ད་དུང་དུས་ཡུན་ངེས་ཅན་ཞིག་བརྒྱུད་དགོས་ངེས་རེད།
         ལྷག་པར་ད་ལྟའི་དུས་སྐབས་འདིར་དཔལ་འབྱོར་གོང་འཕེལ་ཧ་ཅང་མྱུར་བས་སློབ་མ་རྣམས་ཀྱི་འཚོ་བའི་ཆ་རྐྱེན་བཟང་ཞིང་། སློབ་གྲྭའི་ཐུན་གསུམ་གྱི་འཚོ་བ་ལས་གཞན་སིལ་ཏོག་དང་གོ་རེ། ཀ་ར། སྐོམ་ཆུ་སོགས་བཟའ་བྱ་དང་བཏུང་བྱའི་རིགས་ཧ་ཅང་མང་བ་རེད། དེ་ལས་ཀྱང་སློབ་མའི་ལུས་ཕུང་ལ་གནོད་པའི་དམར་ཁ་ཚ་དང། བྲོ་རྫས་མང་པོ་འདྲེས་མའི་ཞོར་ཟས། མངར་ཆ་དང་དབུགས་ཆ་བསྲེས་པའི་བཏུང་ཆའི་རིགས་སོགས་མ་བསླབ་ཀྱང་ངན་གོམས་སུ་སོང་ནས་རྒྱུན་བཟའ་དང་རྒྱུན་འཐུང་བྱེད་པ་ཧ་ཅང་ཚབས་ཆེན་ཡིན་ལ། འདིའི་རིགས་ནི་ཁྱིམ་བདག་དང་སློབ་གྲྭ་མཉམ་འབྲེལ་གྱིས་གཏན་དུ་རྒྱུན་འཁྱོངས་བྱེད་དགོས་པའི་བྱ་བ་ཞིག་རེད།
         ཚབས་ཆེའི་གནད་དོན་འདིར་དམིགས་ནས་སློབ་གྲྭའི་ཀུན་སྤྱོད་དོ་དམ་ཁང་གིས་དུས་ངེས་མེད་དུ་སློབ་བུའི་ཉལ་ཁང་སོགས་སུ་སྔོག་བཤེར་བྱས་པར་སློབ་སྦྱོང་དང་འབྲེལ་མེད་ཀྱི་དངོས་པོ། ལུས་ཕུང་བདེ་ཐང་ལ་གནོད་པའི་ཞོར་ཟས་མང་པོ་ཞིག་གསར་རྙེད་བྱུང་བ་རེད། དེ་མུར་དངོས་རྫས་ཐམས་ཅད་གཞུང་བཞེས་བྱས་ནས་སློབ་མ་དེའི་རིགས་གཅིག་གཅིག་གཉིས་གཉིས་སྒོས་རྩད་གཅོད་བརྒྱུད་ཆད་པ་ནན་མོ་བཅད།   དགེ་རྒན་རྣམས་ཀྱིས་རྣམ་ཀུན་ཏུ་སློབ་བུ་ཀུན་དང་ཁྱིམ་བདག་རྣམས་ལ་རུལ་འགོག་དང་བྲོ་རྫས་མེད་པའི་ཟས་རིགས་སྤྱོད་པའི་ཐད་ལ་ཁ་ཏ་སློབ་གསོ་ཐེངས་མང་བཏང་ནས་འཕྲོད་བསྟེན་གྱི་ཤེས་བྱ་དང་ལྗང་མདོག་ཟས་རིགས་སྤྱོད་པའི་འདུ་ཤེས་བསྐྱེད་བསྲིང་བྱས་ན་ཡང་། ད་དུང་ཐ་ཤལ་གྱི་ཁྱིམ་བདག་དང་སློབ་བུ་མ་རབས་ཀྱི་སྐོར་རེ་འགས་སློབ་གྲྭའི་སྒྲིག་ལམ་རྩིས་མེད་དུ་བཏང་ནས་ཞོར་ཟས་ཀྱི་རིགས་ལོངས་སྤྱོད་པའི་གནས་ཚུལ་ད་དུང་རེ་འགའ་འདུག  རྗེས་ཕྱོགས་སློབ་གྲྭ་སོ་སོས་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་དང་ཁྱིམ་མིས་རང་གི་བུ་ཕྲུག་ལ་ཤ་ཚ་ཞིང་སྙིང་རེ་ཉེ་ན། འདིའི་རིགས་ཀྱི་ཁྱིམ་ཕྱགས་ཟས་རིགས་གཏན་འགོག་བྱ་རྒྱུ་ཧ་ཅང་གི་གལ་ཆེ།

  • ལེ་ཚན་སྔོན་མ།:ཆ་འཕྲིན་ཅན་གྱི་ཚན་རྩལ་སྤྱད་དེ་གནའ་བོའི་བོད་ཀྱི་རིག་གནས་ཁྱབ་སྤེལ་བྱེད་པ།
  • ལེ་ཚན་རྗེས་མ།:2012ལོའི་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་གླེང་སྟེགས་ཟི་ལིང་དུ་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།