ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། 2012-04-06
ཟླ4བའི་ཚེས3ཉིན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཧུའུ་ཅིན་ཐའོ་དང་། ཝུའུ་པང་གོ དབུན་ཅ་པའོ། ཅ་ཆིང་ལིན། ལི་ཁྲང་ཁྲུན། ཞིས་ཅིན་ཕིང་། ལི་ཁེ་ཆང་། ཧི་གོ་ཆང་། ཀྲོའུ་ཡུང་ཁང་སོགས་པེ་ཅིན་གྲོང་ཁྱེར་ཧྥུང་ཐའེ་ཆུས་ཡུང་ཏིང་གཙང་འགྲམ་དུ་ཕེབས་ཏེ་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་ཤིང་། འདི་ནི་ཧུའུ་ཅིན་ཐའོ་ཡིས་ཚང་མ་དང་ལྷན་དུ་ཤིང་འཛུགས་པའི་གནས་ཚུལ་ཡིན།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས3ཉིན་གྱི་ཕྱི་དྲོ་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཧུའུ་ཅིན་ཐའོ་དང་། ཝུའུ་པང་གོ དབུན་ཅ་པའོ། ཅ་ཆིང་ལིན། ལི་ཁྲང་ཁྲུན། ཞིས་ཅིན་ཕིང་། ལི་ཁེ་ཆང་། ཧི་གོ་ཆང་། ཀྲོའུ་ཡུང་ཁང་སོགས་པེ་ཅིན་གྲོང་ཁྱེར་ཧྥུང་ཐའེ་ཆུས་ཡུང་ཏིང་གཙང་འགྲམ་དུ་ཕེབས་ཏེ་ལོ་ཆུང་གདོང་ལེན་རུ་མི་དང་མཉམ་དུ་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་པ་རེད།
ན་ནིང་གི་ཟླ4བའི་ཚེས2ཉིན་ཧུའུ་ཅིན་ཐའོ་སོགས་འགོ་ཁྲིད་བློ་མཐུན་གྱིས་དེ་སྔོན་ཡུང་ཏིང་གཙང་པོའི་ནུབ་ངོགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ས་གཞིའི་ཐོག་ཤིང་བཙུགས་ཤིང་། སྐབས་དེ་དུས་བཙུགས་པའི་ཤིང་ནགས་ཡུག་གཅིག་པོ་དེ་ད་ལྟ་སྐྱེ་སྟོབས་ཀྱི་དཔལ་འབར་བ་ཞིག་ཡོད། ལོ1སོང་རྗེས་ཧུའུ་ཅིན་ཐའོ་སོགས་འགོ་ཁྲིད་བློ་མཐུན་སླར་ཡང་གནས་འདིར་ཤིང་འཛུགས་པར་ཕེབས། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཤིང་འཛུགས་ཡུལ་དུ་འབྱོར་མ་ཐག་སྦྱར་མ་བསྣམས་ནས་ཤིང་འཛུགས་ཀྱི་ངལ་རྩོལ་ནང་ཞུགས། སྤྱི་ཁྱབ་ཧྲུའུ་ཅིས་སྦྱར་མ་རེ་རེ་བཞིན་ཤིང་དོང་ནང་དུ་ས་རྒྱང་པ་དང་། དེ་རྗེས་ས་སྒོར་བཟོ་བ། ས་སོས་པ་སྣོན་པ། ཆུ་བླུགས་པ་སོགས་ལས་རིམ་ཚང་མ་ནན་ཏན་ངང་སྒྲུབ་གནང་བ་རེད། གསོམ་ཤིང་དཀར་པོའི་སྡོང་རྐང་གཅིག་དང་ཁམ་སྡོང་གཅིག་བཙུགས་རྗེས་ཧུའུ་ཅིན་ཐའོ་ཡིས་འགྲམ་གྱི་ལོ་ཆུང་གདོང་ལེན་རུ་མིར་ལི་ཤིའི་སྡོང་ཕྲུག་ཅིག་ཡོ་བསྲང་གནང་རོགས་བྱས་ཁར་ཞིབ་ཚགས་ངང་ས་བསྣན་པ་རེད། སྤྱི་ཁྱབ་ཧྲུའུ་ཅིས་ངལ་གསོ་རྒྱག་ཁོམ་མེད་པར་མུ་མཐུད་དཔྱིད་མགོའི་མེ་ཏོག་ཅིག་བཙུགས། ངལ་རྩོལ་བྱེད་ཞོར་དུ་ཧུའུ་ཅིན་ཐའོ་ཡིས་བྱམས་བརྩེ་ལྡན་པའི་སྒོ་ནས་ལོ་ཆུང་གདོང་ལེན་རུ་མི་དེའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་ཐོག་སློབ་མ་དེར་སྤྱོད་ཡོན་གཉིས་ལྡན་གྱི་བྱིས་པ་བཟང་པོ་ཞིག་ཆགས་པ་བྱས་ཏེ་མེས་རྒྱལ་འཛུགས་སྐྲུན་བྱེད་མཁན་གྱི་རྐང་འཛིན་མི་སྣ་ཞིག་ཏུ་འཚར་ལོངས་ཡོང་རྒྱུའི་སྐུལ་ལྕག་གནང་བ་རེད།
ཤིང་འཛུགས་ཁུལ་གང་སར་འགོ་ཁྲིད་བློ་མཐུན་ཚོ་བྲེལ་འཚུབ་འཚུབ་ཀྱི་གཟུགས་བརྙན་མཐོང་རྒྱུ་ཡོད་ཅིང་། ཁོང་རྣམ་པས་ས་རྒྱང་དགོས་སར་ས་རྒྱང་བ་དང་ཆུ་དགོས་སར་ཆུ་བླུགས་ནས་ངལ་བ་ཁུར་དུ་ལེན་གྱི་ཡོད་པ་དང་། འགོ་ཁྲིད་བློ་མཐུན་ལ་ལས་བསྟུད་མར་ཤིང་སྡོང་རྐང་ཁ་ཤས་བཙུགས་རྗེས་མུ་མཐུད་བཙུགས་པ། ལ་ལས་ཤིང་འཛུགས་ཞོར་དུ་ལྷན་རྒྱས་ཚོར་སྣོད་བཅུད་འཛུགས་སྐྲུན་དང་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་རྒྱུར་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་ལྟ་ཚུལ་གླེང་བ་བཅས་ཚ་ཚ་འུར་འུར་གྱི་ཤིང་འཛུགས་བྱས་པས་གསར་དུ་བཙུགས་པའི་སྡོང་ཕྲན་ཚང་མ་དཔའ་ཉམས་རབ་ཏུ་རྒྱས་པ་དང་རླུང་བུའི་ཁྲོད་ཀྲོང་ངེར་གནས་ཡོད།
ཤིང་འཛུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཁབ་ནགས་ལས་ཅུས་ཀྱི་འགན་འཁུར་བློ་མཐུན་ས་ནས་རྒྱལ་ཡོངས་ཀྱི་ནགས་བཟོ་སྔོ་ལྗང་བྱས་ཚུལ་མཁྱེན་རྟོགས་གནང་བ་དང་། ལོ30ལྷག་གི་རིང་ཤིང་འཛུགས་ནགས་བཟོ་དང་རྒྱལ་ཁབ་སྔོ་ལྗང་དུ་བསྒྱུར་བར་གྲུབ་འབྲས་མངོན་གསལ་ཐོབ་པར་གདེང་འཇོག་གང་ལེགས་གནང་བ་རེད། ཧུའུ་ཅིན་ཐའོ་ཡིས་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་བ་ནི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བ། སྔོ་ལྗང་མང་དུ་གཏོང་བ་བཅས་ཀྱི་ཕན་ལྡན་ཐབས་ལམ་ཞིག་ཀྱང་རེད། ང་ཚོས་ལོ་ལྟར་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་ནས་ལས་བྱེད་པ་དང་མང་ཚོགས་སྐུལ་སློང་རྒྱ་ཁྱབ་བྱེད་པ་དང་། ཚན་རྩལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྔོ་ལྗང་གི་རྒྱ་ཁྱོན་ཆེ་རུ་ཧུར་ཐག་གཏོང་བ། ཤིང་འཛུགས་ཀྱི་གྲུབ་འབྲས་བརྟན་དུ་ཧུར་ཐག་གཏོང་བ་བཅས་བྱས་ཏེ་མེས་རྒྱལ་གྱི་འཛིན་མ་ཆེ་མོར་མཛེས་སྡུག་ལྡན་པའི་སྔོ་ལྗང་གི་རྒྱན་གོས་བཀླུབས་དགོས་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་ཆེད་སྣོད་བཅུད་ཀྱི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10