ལས་དོན་ཨུ་ལྷན་དྲུག་གིས་བརྡ་ཐོ་བཏང་ནས་རང་བྱུང་ལ་གཅེས་སྤྲས་དང་འོས་འགན་ཤིང་འཛུགས་བྱེད་དགོས་པའི་བླང་བྱ་བཏོན།
ཚེ་མཚོས་བསྒྱུར། 2012-03-20
ཞིན་ཧྭ་གསར་འགྱུར་ཁང་ནས་འབྱོར་བའི་གཏམ་གསར།ཉེ་ཆར།ཀྲུང་དབྱང་དཔལ་ཡོན་གཞུང་ལས་ཁང་དང་རྒྱལ་ཡོངས་ལྗང་འགྱུར་ཨུ་ལྷན།རྒྱལ་ཁབ་ནགས་ལས་ཅུས།རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཁང་།ཀྲུང་དབྱང་ན་གཞོན་ཚོགས་པ།རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་བྱས་ཏེ་འོག་རིམ་ལ་བརྡ་ཐོ་བཏང་ནས།རྒྱལ་ཡོངས་སུ་རང་བྱུང་ལ་གཅེས་སྤྲས་དང་འོས་འགན་ཤིང་འཛུགས་བྱེད་དགོས་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་རྒྱུར་བཀོད་སྒྲིག་བྱས།བརྡ་ཡིག་གིས་བླང་བྱ་བསྟན་དོན།ས་ཁུལ་ཁག་གིས་ལེ་ཧྥེང་གི་སྙིང་སྟོབས་དར་སྤེལ་ཆེན་པོར་བཏང་ནས་འོས་འགན་གྱིས་ཤིང་འཛུགས་པ་དང་།ལྗང་འགྱུར་ཅན་ལ་སྲུང་འཛིན་དང་གཅེས་སྤྲས་བྱ་རྒྱུས་ནང་དོན་གཙོ་བོ་བྱེད་པར་དམིགས་ཏེ།འཆར་འགོད་ཞིབ་ཕྲ་བྱས་ནས་རྣམ་པ་སྣ་ཚོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་དགོས།ཤིང་བཙུགས་ནས་སྔོ་ལྗང་ཅན་དུ་འགྱུར་བའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྒྲིག་ཛུགས་བྱས་ཏེ་སྤེལ་དགོས་ཅིང་།སྐྱེ་ཁམས་ལས་གྲྭ་འཛུགས་སྐྲུན་དང་མ་ཡུམ་ཆུ་བོ་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་ཟུང་འབྲེལ་བྱས་ནས།དང་བླངས་པའི་ནགས་ཚལ་ཞེས་པ་འཛུགས་སྐྲུན་བྱེད་ཅིང་།སྤྱི་གླིང་གི་ལྗང་ཡུལ་དང་ཡུལ་སྐོར་གྱི་མཛེས་ལྗོངས།ཆུའི་ཐོན་ཁུངས་ས་གནས།གཞུང་ལམ་འགྲམ་གཉིས་བཅས་མཛེས་སྐྱོབ་དང་ལྗང་སྐྱོབ་བྱེད་པར་ཧུར་བརྩོན་ཞུགས་དགོས།ཧུར་ཐག་གི་སྒོ་ནས་ལྗང་གསོ་ལྗང་སྲུང་དང་བླངས་ཞབས་ཞུའི་བྱེད་སྒོ་ཁྱབ་སྤེལ་བཏང་སྟེ་རྩི་ཤིང་དང་ལྗང་ཁུལ་གསོ་སྐྱོང་དང་དོ་དམ་བྱེད་པར་ཞུགས་དགོས་སོ།།